མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧུ་སེ་དབྱིན་དང་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-20 19:01

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས19ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧུ་སེ་དབྱིན་དང་གྲོས་མོལ་མཛད། པར་འདི་ནི་གྲོས་མོལ་མ་མཛད་པའི་སྔོན་ལ་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མ་རུ་ཧུ་སེ་དབྱིན་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུ་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས19ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧུ་སེ་དབྱིན་དང་གྲོས་མོལ་མཛད་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་སྲོལ་རྒྱུན་མཛའ་བཤེས་ལྷུག་པར་བརྗོད་ཅིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་བར་འཆར་འགོད་བྱས་པ་དང་། ཕྱོགས་གཉིས་ཀྱི་ཆབ་སྲིད་རྨང་གཞི་སྔར་ལས་སྲ་བརྟན་ཡིན་པ་དང་དཔལ་འབྱོར་འབྲེལ་འདྲིས་སྔར་ལས་དམ་པོ་ཡིན་པ། བདེ་འཇགས་མཉམ་ལས་སྔར་ལས་རྒྱ་བསྐྱེད་པ། མི་གཞུང་བརྗེ་རེས་སྔར་ལས་ཇེ་མང་ཡིན་པ་བཅས་ཀྱི་ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བརྩོན་ལེན་བྱེད་རྒྱུ་ཐག་བཅད།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཀྲུང་གོའི་ཕྱི་ཕྱོགས་འབྲེལ་བའི་བྱེད་ཕྱོགས་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་གྲོགས་པོར་བརྩི་བའི་ཕྱི་འབྲེལ་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས་མཐའ་འཁོར་རྒྱལ་ཁབ་དང་འབྲེལ་འདྲིས་བྱེད་སྐབས་བརྩེ་བ་དང་རྣམ་དག གཟིགས་སྐྱོང་། བཟོད་སྒོམ་བཅས་ཀྱི་འདུ་ཤེས་འབུར་དུ་ཐོན་པར་བྱེད་དགོས། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོས་ཕ་ཁི་སི་ཐན་དང་བཅས་པའི་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་སོ་སོའི་བར་གྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་བཏང་བ་དང་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཤིང་ཕྱོགས་ཡོངས་ཀྱི་འབྲེལ་བ་སྔར་ལས་ཇེ་བཟང་དུ་བཏང་། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་དང་རྒྱ་གར་གཉིས་ཀྱིས་ཞི་བའི་འདུམ་འགྲིག་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཕ་ཁི་སི་ཐན་དང་རྒྱ་གར་བར་གྱི་འབྲེལ་བ་ཞི་འཇགས་སུ་འགྲོ་བར་འབད་པ་བྱས་པར་གཟེངས་བསྟོད་བྱེད་པ་ཡིན་ཟེར།

ཧུ་སེ་དབྱིན་གྱིས་བཤད་རྒྱུར། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་དང་གྲུབ་འབྲས་ལ་རྟེན་འབྲེལ་ཞུ་བ་དང་ཀྲུང་གོའི་རྒྱང་རིང་གི་འཐབ་ཇུས་ལ་གཟེངས་བསྟོད་བྱེད་པ་ཡིན། ཀྲུང་གོ་ནི་འཛམ་གླིང་དང་ས་གནས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཡིན་པར་ཡིད་ཆེས་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་མཛའ་མཐུན་མཉམ་ལས་ལ་ཤུགས་བསྣན་ནས་ཀྲུང་གོ་དང་མཉམ་དུ་ལས་དབང་གི་ཐུན་མོང་ཚོགས་པ་བསྐྲུན་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་དུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕ་ཁི་སི་ཐན་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱིས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འཐབ་ཇུས་དང་དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག