མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས་ཞེས་པའི་སྙན་ཞུ་ཕུལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-19 11:13

ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས་ཞེས་པའི་སྙན་ཞུ་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས18ཉིན་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས་ཞེས་པའི་སྙན་ཞུ་ཕུལ། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་གྱིས་འཛིན་གྲྭ་མགོ་རྩོམ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་རྒྱལ་ཡུན་རིང་བོར་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་བའི་དོན་དངོས་ལ་རྐང་བཙུགས་ནས་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་བཅོས་བསྒྱུར་གྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་བྱེད་པའི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་སྟེ། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་ལ་སྒུལ་ཤུགས་དང་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀོ་ལི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ལིས་ཁི་ཆང་གིས་གསུང་རྒྱུར། འཕེལ་རྒྱས་ནི་ནམ་ཡིན་ཡང་བཅོས་བསྒྱུར་དང་དམ་པོར་འབྲེལ་དགོས། འདས་ཟིན་པའི་ལོ་ངོ་སོ་དྲུག་རིང་ལ་བླངས་བའི་འཕེལ་རྒྱས་ཀྱི་རླབས་ཆེན་གྲུབ་འབྲས་དང་ན་ནིང་གི་རྙོག་འཛིང་ཆེ་བའི་གནས་བབ་ལ་ཁ་གཏད་འཇལ་ནས་མགོ་བཟང་བོ་ཞིག་བརྩམས་པ་ཚང་མ་བཅོས་བསྒྱུར་ལ་བསྟེན་པ་རེད། རྗེས་ཕྱོགས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་བའི་ངང་ནས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས་ན་སྔར་བཞིན་བཅོས་བསྒྱུར་ལ་རག་ལས་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དེ་གྲུབ་ཚུལ་བཅོས་བསྒྱུར་བྱེད་པ་ནས་མགོ་རྩོམ་དགོས་ལ། ནང་མཁོ་རྒྱ་སྐྱེད་པར་ཤུགས་བསྣན་ནས་ཡུན་རིང་གི་ཕན་འབྲས་ནང་རྐྱེན་འཛུགས་དགོས། དེང་རབས་ཞིང་ལས་ལམ་ལུགས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་མཁར་གྲོང་གཞི་གཅིག་ཅན་བཅོས་བསྒྱུར་བྱེད་པར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། ཞིང་ལས་དེང་རབས་ཅན་དང་རྣམ་པ་གསར་བའི་མཁར་གྲོང་ཅན་གཉིས་ཀྱིས་ཕན་ཚུན་སྐུལ་སྤེལ་བྱེད་པར་ཡར་སྐུལ་གཏོང་དགོས། དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་ལས་འགན་ལྕི་ཞིང་ལམ་ཐག་རིང་བས། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས་དཀའ་སྤྱད་འབད་བརྩོན་དང་བྱ་བ་ལེགས་སྒྲུབ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ཀྲང་གོ་ལིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བསྟན་དོན། ཙུང་ལི་ལིས་ཁི་ཆང་གི་སྙན་ཞུས་ཁྱོན་ཡོངས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ནས་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་བྱེད་པའི་སྤྱིའི་བསམ་ཕྱོགས་དང་འོས་འགན་གལ་ཆེན་ཕྱོགས་ཡོངས་ནས་རྒྱས་བཤད་བྱས་ཡོད་པས། བཅོས་བསྒྱུར་གྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པར་མཛུབ་སྟོན་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག