མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཀྲུང་གོ་གོ་མེན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་སོགས་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-19 10:48

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚེས18ཉིན་གྱི་ཕྱི་དྲོར་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་ཀྲུང་གོ་གོ་མེན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་དང་ཁོང་ལ་འགྲོ་རོགས་བྱེད་པའི་ཐེ་ཝན་གྱི་ལས་རིགས་སོ་སོའི་མི་སྣར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚེས18ཉིན་གྱི་ཕྱི་དྲོར་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་ཀྲུང་གོ་གོ་མེན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་དང་ཁོང་ལ་འགྲོ་རོགས་བྱེད་པའི་ཐེ་ཝན་གྱི་ལས་རིགས་སོ་སོའི་མི་སྣར་མཇལ་འཕྲད་གནང་སྐབས། ཕྱོགས་གཉིས་ཀྱིས་མཚོ་འགག་འགྲམ་གཉིས་ཁྱིམ་ཚང་གཅིག་ལྟ་བུའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། གནས་བབ་དང་བསྟུན་ཞིང་སེམས་ཤུགས་གཅིག་སྒྲིལ་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་མཚོ་འགག་འགྲམ་གཉིས་ཀྱི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས་པར་མ་ཟད་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ལོ་རྒྱུས་དང་དངོས་ཡོད་ཀྱི་རྒྱུ་རྐྱེན་གྱི་དབང་གིས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཕྱོགས་སུ་གནས་བའི་གནད་དོན་མང་པོ་ཞིག་མྱུར་དུ་ཐག་གཅོད་བྱེད་དཀའ་ནའང་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་ནི་ཁྱིམ་ཚང་གཅིག་གི་མི་ཡིན་པ་དང་། ཐུན་མོང་གི་རིག་གནས་ཡོད་ཅིང་ཐུན་མོང་གི་རེ་འདུན་ཡོད་ལ། དེ་ནི་ཕན་ཚུན་ལ་བཟོད་སྒོམ་བྱེད་པར་སྐུལ་འདེད་གཏོང་བ་དང་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་མཉམ་དུ་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་ཆེན་པོ་ཡིན་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ང་ཚོས་ལྷག་བསམ་རྣམ་དག་སྒོས་ཐེ་ཝན་སྤུན་ཟླ་ལ་ལྟ་ཚུལ་ཡང་དག་འཛིན་པ་དང་ནན་ཏན་སྒོས་ཕྱོགས་སོ་སོའི་བསམ་འཆར་ལ་ཉན་འདོད་ཡོད། ཐེ་ཝན་སྤུན་ཟླར་བདེ་སྐྱིད་བསྐྲུན་པའི་དོན་དག་དང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་སུ་འགྲོ་བའི་དོན་དག ཀྲུང་ཧྭ་མི་རིགས་ཀྱི་སྤྱིའི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་དོན་དག་བཅས་ལ་ཕན་པ་ཡོད་པ་ཞིག་ཡིན་ཚེ་ང་ཚོས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དོན་དག་ཚང་མ་བཟང་བོར་བསྒྲུབ་པར་མ་ཟད། རྒྱ་ཆེའི་ཐེ་ཝན་སྤུན་ཟླ་རྣམས་ལ་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཁྲོད་དུ་ཁེ་ཕན་སྔར་ལས་མང་པོ་ཐོབ་ཏུ་འཇུག་པ་དང་ང་ཚོ་ཀྲུང་གོ་བ་ཚང་མར་སྔར་ལས་བཟང་བའི་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་དགོས་ཟེར།

ལེན་ཀྲན་གྱིས་བཤད་རྒྱུར། ཉིས་སྟོང་ལྔ་ལོར་ཀྲུང་གོ་གོ་མེན་ཏང་དང་ཀྲུང་གོ་གུང་ཁྲན་ཏང་གཉིས་ཀྱིས་ཞི་བའི་གྲོས་མོལ་བྱས་ནས་མཚོ་འགག་འགྲམ་གཉིས་ཞི་བའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པར་མ་ཟད། མཚོ་འགག་འགྲམ་གཉིས་ཀྱི་མི་དམངས་ལ་སྔར་མེད་ཀྱི་རྣམ་པ་བཟང་བོ་སྐྲུན་པ་དེ་ནི་ནམ་ཡང་སྒྱུར་ཐབས་མེད་པའི་བགྲོད་ལམ་ཡང་དག་ཅིག་ཡིན། འདས་པའི་ལོ་གཅིག་གི་ནང་དུ་ཀྲུང་གོ་གོ་མེན་ཏང་དང་ཀྲུང་གོ་གུང་ཁྲན་ཏང་གཉིས་དང་ཡང་ན་མཚོ་འགག་འགྲམ་གཉིས་ཀྱི་ལས་རིགས་སོ་སོའི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་ཏུ་གྱུར། ང་ཚོས་མཉམ་དུ་གཅེས་སྤྲས་བྱེད་པ་དང་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་སྔར་ལས་སྲ་བརྟན་དུ་གཏོང་དགོས། མཚོ་འགག་འགྲམ་གཉིས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁོངས་སུ་གཏོགས་ཤིང་མཚོ་འགག་འགྲམ་གཉིས་ཀྱི་མི་དམངས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་པ་དང་། མ་གཞི་ནས་ཁྱིམ་ཚང་གཅིག་གི་མི་ཡིན་པས་ཕན་ཚུན་བར་བརྩེ་བ་ཟབ་མོ་ཆགས་ཡོད། མཚོ་འགག་འགྲམ་གཉིས་ཀྱིས་དངོས་གཉེར་གྱི་ལྟ་ཚུལ་ཡང་དག་འཛིན་དགོས་པ་དང་། ཐེ་ཝན་གྱིས་མཚོ་འགག་འགྲམ་གཉིས་ཞི་བའི་འཕེལ་རྒྱས་སུ་འགྲོ་བ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་འཕེལ་རིམ་ཁྲོད་དུ་དྲང་ཕྱོགས་ཀྱི་ནུས་པ་ཆེན་པོ་འདོན་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག