མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་སྨན་ཁང་གིས་ཐོག་མའི་སྨན་བཅོས་བྱེད་སྐབས་ཐ་མག་འཐེན་པའི་ལོ་ཚད་འདྲི་བའི་ལམ་ལུགས་བཟོ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-09 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས7ཉིན་གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བུ་བཙའ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྨན་ཁང་གིས་ཐོག་མའི་སྨན་བཅོས་བྱེད་སྐབས་ཐ་མག་འཐེན་པའི་ལོ་ཚད་འདྲི་བའི་ལམ་ལུགས་བཟོས་ནས། སྨན་པས་སྒོ་བསྟེན་དང་། ཞག་སྡོད་ནད་པར་ཐ་མག་འཐེན་པའི་ལོ་ཚད་འདྲི་བ་དང་། དེའི་ནང་གི་ཐ་མག་འཐེན་མཁན་ལ་སྟབས་བདེའི་ཐ་མག་གཅོད་པའི་བྱ་ཐབས་བཟུང་རྒྱུ་མ་ཟད་ཟིན་ཐོ་འགོད་རྒྱུ་ཡིན་པ་རེད། དེ་ནི་རྒྱལ་ཁབ་འཕྲོད་བསྟེན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར་ཐ་མག་ལ་ཚོད་འཛིན་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་ལས་དོན་སྐོར་གྱི་བརྡ་ཐོ་དང་ཟུར་སྣོན་ཡིག་ཆའི་ནང་བཏོན་པའི་བླང་བྱ་ཡིན་པ་རེད། བརྡ་ཐོའི་ནང་ཐ་མག་འཐེན་མཁན་མེད་པའི་འཕྲོད་བསྟེན་བུ་བཙའ་ཨུ་ཡོན་ལྷན་ཁང་ལས་ཁུངས་འཛུགས་རྒྱུའི་ལས་དོན་སྡེ་ཚན་ཁག་གི་ལམ་ལུགས་འཛུགས་སྐྱོང་ནང་འཇུག་དགོས་པའི་བླང་བྱ་བཏོན་ཡོད་པ་དང་། ཟུར་སྣོན་ཡིག་ཆའི་ནང་བཏོན་པའི་ཐ་མག་འཐེན་མཁན་མེད་པའི་འཕྲོད་བསྟེན་བུ་བཙའ་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ཚད་གཞིའི་ནང་། སྨན་དོན་མི་སྣས་ཐ་མག་འཐེན་པའི་གནོད་འཚེ་དང་ཐ་མག་གཅད་པའི་ཕན་ནུས་ཤེས་རྟོགས་ཐུབ་དགོས་པ་དང་། འབྲེལ་ཡོད་ཚན་ཁག་དང་གཞུང་ལས་ཁང་གི་སྨན་པས་ཐ་མག་གཅོད་ཐབས་ཁོང་དུ་ཆུད་དགོས་པ། སྨན་བཅོས་ལས་ཁུངས་སུ་ཐ་མག་གཅོད་པའི་སྒོ་བསྟེན་འཛུགས་དགོས་པའམ་ཡང་ན་འབྲེལ་ཡོད་ཚན་ཁག་དང་གཞུང་ལས་ཁང་གིས་ཐ་མག་གཅོད་མཁན་སྨན་པ་བཀོད་སྒྲིག་བྱེད་དགོས་པ། ལས་ཁུངས་དེ་གའི་འགོ་ཁྲིད་ཚན་པའི་ཁོངས་མིས་སྣེ་ཁྲིད་ནས་ཐ་མག་མི་འཐེན་པ་དང་། ཐ་མག་འཐེན་མཁན་མི་སྣས་སྣེ་ཁྲིད་ནས་ཐ་མག་གཅོད་དགོས་པ། ལས་ཁུངས་ནང་ཁུལ་དུ་རྡོ་ཐའི་མཚམས་སྦྱོར་བརྡ་ཁྱབ་མེད་དགོས་པ་དང་། ཚོང་ཁང་དང་། ཟ་ཁང་ནང་རྡོ་ཐའི་ཐོན་རྫས་ཚོང་མི་ཆོག་པ་བཅས་ཚུད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག