མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་ཞིང་ལས་ཀྱི་གཞི་རྒྱུ་འགྱུར་བའི་ཞིབ་འཇུག་དང་བཀོལ་སྤྱོད་ལ་བརྟན་རླིང་ངང་སྐུལ་འདེད་གཏོང་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-09 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་མང་རྩོད་གཞི་དྲག་པོ་བྱུང་བའི་གཞི་རྒྱུ་འགྱུར་བའི་གླེང་གཞི་འདི་ན་ནིང་སླར་ཡང་གླེང་ཕྱོགས་ཀྱི་གླེང་གཞི་གཙོ་བོར་གྱུར་ཡོད་པ་རེད། ཞིང་ལས་པུས་ཉིན་ཤས་གོང་། འདི་ལོ། རང་རྒྱལ་གྱི་ཞིང་ལས་ཐད་ཀྱི་གཞི་རྒྱུ་འགྱུར་བའི་ཞིབ་འཇུག་དང་བཀོལ་སྤྱོད་བྱ་རྒྱུ་དེ་ད་དུང་ཡང་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞིང་། འདེབས་འཛུགས་ལས་རིགས་ཀྱི་བསྒྱུར་བཅོས་ཀྱང་ཆབས་ཅིག་ཏུ་མགྱོགས་སུ་གཏོང་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

གཞི་རྒྱུ་འགྱུར་བའི་ཐོན་རྫས་ཀྱི་བདེ་འཇགས་རང་བཞིན་ལ་དམིགས་ནས། ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་གྲེན་ཞི་ཝུན་གྱིས། འདུས་རྡུལ་རིམ་པའི་འདེབས་འཛུགས་ནི་འཛམ་གླིང་ཚེ་སྲོག་ཚན་རིག་གི་སྔོན་ཐོན་ལག་རྩལ་ཞིག་ཡིན་པ་དང་། ཀྲུང་གོ་ནི་ཞིང་ལས་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས། ཚན་རིག་ཞིབ་འཇུག་ཐད། ངེས་པར་དུ་འཛམ་གླིང་གི་མདུན་གྲས་སུ་སླེབས་ཐུབ་རྒྱུར་འབད་བརྩོན་བྱེད་དགོས། གཞི་རྒྱུ་འགྱུར་བའི་འདེབས་འཛུགས་བྱ་རྒྱུ་དེ་ཁྲོམ་རའི་ཐོག་བྲིན་ཚོང་བྱེད་ཆོག་མིན་དང་འཛད་སྤྱོད་པར་མཁོ་སྤྲོད་བྱེད་ཆོག་མིན་དེ་ངེས་པར་དུ་ཧ་ཅང་གཟབ་ནན་གྱི་དཔྱད་བསྡུར་བྱེད་དགོས། གཞན་ཡང་། ངེས་པར་དུ་འཛད་སྤྱོད་པར་ཤེས་རྟོགས་དབང་ཆ་ལྡན་པ་བྱེད་དགོས། གལ་ཏེ་གཞི་རྒྱུ་འགྱུར་བའི་གྲུབ་ཆ་ཡོད་ཚེ་ངེས་པར་དུ་མཚོན་རྟགས་རྒྱག་དགོས་པ་དང་། གཞི་རྩའི་རྩ་དོན་འདི་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

རྩོད་གླེང་འདིའི་ནང་། ས་བོན་གྱི་བདེ་འཇགས་དང་། ལྷག་པར་དུ་ནང་འདྲེན་ས་བོན་གྱི་བདེ་འཇགས་ཐད་ལ་ཡང་དོ་ཁུར་ཆེན་པོ་བྱས་ཡོད། མིག་སྔར། རང་རྒྱལ་གྱི་ས་བོན་ཁྲོམ་ར་ཚོད་དཔག་བྱས་ན་དུང་ཕྱུར་དྲུག་བརྒྱ་ལྷག་ཡོད་ཅིང་། འཛམ་གླིང་གི་ས་བོན་དགོས་མཁོ་ཆེ་བའི་རྒྱལ་ཁབ་ཨང་གཉིས་པ་ཡིན། ཁྲོམ་ར་ཆེན་པོ་ཡོད་པ་དེས་མོང་ཧྲན་ཏུའུ་དང་། ཤན་ཀྲེང་ཏྰ། ཤན་ཧྥེང་སོགས་རྒྱལ་ཁོངས་བརྒལ་བའི་འདེབས་འཛུགས་ལས་རིགས་ཆེན་པོ་འདི་དག་ཡིད་འགུག་བྱེད་ཀྱི་ཡོད། ཞིང་ལས་པུའི་སྤྱི་ཁྱབ་དཔལ་འབྱོར་མཁས་པ་པིས་མའེ་ཅ་ཡིས། སྤྱི་ལོ2014ལོར། ཞིང་ལས་ཚན་པས་འདེབས་འཛུགས་ལས་རིགས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ་དང་། འདེབས་འཛུགས་ལས་རིགས་ཀྱི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག