མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སྐབས་ཉེར་གཉིས་པར་ཞུགས་པའི་ཀྲུང་གོའི་ལུས་རྩལ་པར་འཚམས་འདྲི་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་དེར་རྒྱལ་སྤྱིའི་ལུས་རྩལ་ལས་རིགས་ཁག་ལ་ཤན་ཤུགས་དྲག་པོ་ཐེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-09 10:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་དུས་ཚོད་ཚེས་བདུན་ཉིན་གྱི་ཉིན་གུང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨུ་རུ་སིའི་སོ་ཆི་གྲོང་ཁྱེར་ནས་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སྐབས་ཉེར་གཉིས་པར་ཞུགས་པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་འཚམས་འདྲི་མཛད། བཞུགས་མོལ་བྱེད་སྐབས་ཞི་ཅིན་ཕེན་གྱིས་གསུངས་བཤད་གལ་ཆེན་གནང་སྟེ། རང་རྒྱལ་ལུས་རྩལ་ལས་རིགས་ཁག་གི་མི་སྣའི་ཁྲོད་ཤན་ཤུགས་དྲག་པོ་ཐེབས། ཚང་མས་གཅིག་རྗེས་གཉིས་མཐུད་སྒོས་ལུས་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་ཏུ་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུའི་ཚུལ་བསྟན།

རྒྱལ་ཁབ་མེ་མདའ་འགྲན་སྡུར་རུ་ཁག་གི་སྤྱིའི་རྩལ་ཁྲིད་པ་ཝང་དབྱི་ཧྥུའུ་ལུས་རྩལ་པ་ཞིག་གི་ཆ་ནས་སྐབས་དྲུག་པའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སུ་ཞུགས་མྱོང་བ་དང་། དེའི་རྗེས་སུ་མེ་མདའ་འགྲན་སྡུར་རུ་ཁག་གི་སྤྱིའི་རྩལ་ཁྲིད་པ་ཞིག་གི་ཆ་ནས་བསྟུད་མར་ཐེངས་གཉིས་ལ་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སུ་ཞུགས་མྱོང་། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ལུས་རྩལ་པར་དཔའ་ངར་ཞུམ་མེད་དང་རང་ཉིད་ལས་བརྒལ་བའི་ཨོ་ལིན་ཕིས་ཁིའི་སྙིང་སྟོབས་འདོན་སྤེལ་བྱེད་པར་སྐུལ་མ་བཏང་བ་དེར་ཚོར་སྣང་དྲག་པོ་ཐེབས་ཡོད་ཟེར།

ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་མགྲིན་ཚབ་པས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རྐང་རྩེད་སྤོ་ལོ་བྱ་བ་སྒྲུབ་མཁན་རྣམས་ལ་ཧ་ཅང་མཐོང་ཆེན་དང་སེམས་ཁུར་བྱས་པ་དེས་རྒྱ་ཆེའི་རྐང་རྩེད་སྤོ་ལོ་བྱ་བ་སྒྲུབ་མཁན་ལ་སྐུལ་མ་ཆེན་པོ་ཐེབས་ཡོད་ཟེར།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་མང་ཚོགས་ལུས་རྩལ་ཟིའི་ཟི་ཀྲང་ལིག་གོ་ཡུན་གྱིས་བཤད་རྒྱུར། མང་ཚོགས་ལུས་རྩལ་བྱ་བ་སྒྲུབ་མཁན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མང་ཚོགས་ལུས་རྩལ་བྱ་འགུལ་རྒྱུན་འཁྱོངས་ལྷོད་མེད་སྒོས་སྤེལ་དགོས་པའི་སྐོར་གྱི་གསུང་བཤད་ཀྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པར་མ་ཟད། ད་ལྟ་ཕྱོགས་གཅིག་ནས་སྲིད་གཞུང་གི་འགན་ནུས་བསྒྱུར་བའི་བྱ་བར་ཤུགས་སྣོན་པ་དང་། ཕྱོགས་གཞན་ཞིག་ནས་དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་སྲོལ་ཡིག་དང་དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་འཆར་འགོད་ལག་ལེན་མཐར་ཕྱིན་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག