མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ཞིང་ལས་ཐོན་རྫས་ཀྱི་དམིགས་འབེན་རིན་གོང་ལམ་ལུགས་རིམ་བཞིན་འཛུགས་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-07 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ད་ལོ་ཞིང་ལས་ཐོན་རྫས་ཁྲོམ་རའི་རིན་གོང་དང་སྙོམས་སྒྲིག་སྒྲིག་གཞི་འཐུས་ཚང་དུ་གཏོང་རྒྱུ་དང་། ཞིང་ལས་ཐོན་རྫས་རིན་གོང་གྲུབ་པའི་སྒྲིག་གཞི་དང་སྲིད་གཞུང་གི་ཁ་གསབ་ཟུང་འབྲེལ་བྱེད་པའི་བསྒྱུར་བཅོས་ལ་འཚོལ་ཞིབ་སྐུལ་འདེད་གཏོང་རྒྱུ། ཞིང་ལས་ཐོན་རྫས་ཀྱི་དམིགས་འབེན་རིན་གོང་ལམ་ལུགས་རིམ་བཞིན་འཛུགས་རྒྱུ། ཁྲོམ་རའི་རིན་གོང་མཐོ་དྲགས་སྐབས་ཡོང་འབབ་དམའ་བའི་འཛད་སྤྱོད་པར་ཁ་གསབ་བྱ་རྒྱུ། ཁྲོམ་རའི་རིན་གོང་དེ་དམིགས་འབེན་རིན་གོང་ལས་དམའ་བའི་སྐབས་རིན་གོང་ཧེ་བག་ལ་གཞིགས་ནས་ཐོན་སྐྱེད་བྱེད་མཁན་ལ་ཁ་གསབ་བྱ་རྒྱུ་བཅས་ཡིན་པ་རེད།

གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས། ད་ལོ་རང་རྒྱལ་གྱིས་ཞིང་པའི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཞིང་ལས་ཐོན་རྫས་ཀྱི་རིན་གོང་གྲུབ་པའི་ནང་གཏན་འཁེལ་རང་བཞིན་གྱི་ནུས་པ་འདོན་སྤེལ་སྔར་བས་ལྷག་པ་བྱ་རྒྱུ་ཡིན། དེར་བརྟེན་སྤྱི་ལོ2014ལོར་རིགས་ཁག་ཅིག་དང་ས་ཁུལ་ཁག་ཅིག་བདམས་ནས་ཚོད་ལྟ་བྱ་རྒྱུ་ཡིན་ཞེས་བསྟན།

གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ད་ལོ་ཞིང་ལས་སྟོབས་ཆེན་དང་ཞིང་ཕན་སྲིད་ཇུས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ད་ཡོད་ཀྱི་སྲིད་ཇུས་བརྟན་པོ་དང་འཐུས་ཚང་ཡོང་བ་བྱེད་པའི་རྨང་གཞིའི་ཐོག ཞིང་གསུམ་མ་འཇོག་བརྟན་པོའི་ངང་འཕར་བའི་ཡུན་རིང་སྒྲིག་གཞི་ཆ་ཚང་འཛུགས་རྒྱུ་དང་། ཞིང་གསུམ་མ་འཇོག་ཐབས་ལམ་རྒྱ་བསྐྱེད་ཧུར་ཐག་གཏོང་རྒྱུ་ཡིན་པས། མུ་མཐུད་ནས་ཞིང་ལས་ཁ་གསབ་མ་དངུལ་གྱི་གཞི་ཁྱོན་ཆེ་རུ་གཏོང་དགོས་པ་དང་ཞིང་ལས་ཀྱི་ཁ་གསབ་བྱ་ཐབས་འཐུས་ཚང་དུ་གཏོང་བ། ཁ་གསབ་ཀྱི་གནད་འཁེལ་རང་བཞིན་དང་ཕྱོགས་སྟོན་རང་བཞིན་མཐོ་རུ་གཏོང་བ། གསར་སྣོན་ཁ་གསབ་དེ་འབྲུ་རིགས་སོགས་གལ་ཆེའི་ཞིང་ལས་ཐོན་རྫས་དང་གསར་དར་ཞིང་ལས་ཁེ་གཉེར་གཙོ་གཟུགས། ཐོན་སྐྱེད་ཁུལ་གཙོ་བོ་བཅས་ལ་ཕྱོགས་ལྷུང་བྱས་ཏེ། ཁ་གསབ་མ་དངུལ་གྱི་ཕན་ནུས་སྔར་བས་ཆེ་བ་ཐོན་རྒྱུར་སྐུལ་སྤེལ་གཏོང་དགོས་ཞེས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག