མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨུ་རུ་སིའི་སོ་ཆི་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-07 11:01

习近平会见俄罗斯总统普京.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་དྲུག་ཉིན་ཨུ་རུ་སིའི་སོ་ཆི་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས6ཉིན་ཨུ་རུ་སིའི་སོ་ཆི་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་། ཕུའུ་ཅིན་གྱིས་ཞི་ཀྲུའུ་ཞི་ཆེད་དུ་སོ་ཆིའི་དགུན་ཁའི་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོ་དང་འབྲེལ་ཡོད་བྱ་འགུལ་ལ་ཞུགས་པར་ཡོང་བར་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས་པ་དང་། ཞི་ཅིན་ཕེན་གྱིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ་སོ་ཆིའི་དགུན་ཁའི་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་འཚོགས་པར་རྟེན་འབྲེལ་ཞུས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་མཛའ་བརྩེ་དང་དངོས་གཉེར་གྱི་སྣང་ཚུལ་ཁྲོད་དུ་འདས་པའི་ལོ་གཅིག་རིང་ལ་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་སུ་སོང་བའི་གནས་བབ་དང་བླངས་བའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་པ་དང་། ལོ་གསར་བའི་ནང་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ལ་འཐབ་ཇུས་རང་བཞིན་གྱི་འཆར་འགོད་དང་བཀོད་སྒྲིག་བྱས་པར་མ་ཟད། ཕྱོགས་གཉིས་ཀྱིས་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་འཐབ་ཇུས་རོགས་ལས་བྱེད་པར་ཐུན་མོང་གི་ལྟ་ཚུལ་བྱུང་།

མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག བདག་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་བཞག་པའི་ཐུན་མོང་གི་ལྟ་ཚུལ་རབ་དང་རིམ་པ་དངོས་འབེབས་བྱས་པ་བཟང་ཞིང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་སྐོར་ཞིག་བླངས་ཡོད། བདག་གིས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་སུ་སོང་བའི་རྣམ་པ་བཟང་བོར་གཅེས་སྤྲས་བྱེད་པ་དང་ལོ་གསར་བའི་ནང་དུ་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ང་ཚོས་མུ་མཐུད་དུ་སྦས་ཤུགས་སྔོག་འདོན་བྱས་ཏེ་མཉམ་ལས་ཀྱི་འཕར་ས་གསར་བ་གསོ་སྐྱོང་བྱེད་པ་དང་། འཐབ་ཇུས་རང་བཞིན་གྱི་ལས་གཞི་ཆེན་པོ་བདེ་བླག་ངང་ལག་བསྟར་བྱས་ཏེ་ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོར་མ་བཅོས་རྡོ་སྣུམ་དང་རང་བྱུང་སོལ་རླངས་འདོན་སྤྲོད་བྱེད་པ་དང་སྣུམ་འདྲེན་སྦུགས་ལམ་རྒྱ་བསྐྱེད་པ་སོགས་ཀྱི་ལས་གཞི་དུས་ལྟར་ལག་བསྟར་བྱེད་པ་དང་། ཉིང་རྡུལ་ནུས་པ་དང་གློག་ཤུགས། སོལ་གཏེར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས། ང་ཚོས་མཉམ་དུ་ཉིས་སྟོང་བཅུ་བཞི་ལོ་དང་ཉིས་སྟོང་བཅོ་ལྔ་ལོའི་ཀྲུང་གོ་དང་ཨུ་རུ་སིའི་ན་གཞོན་མཛའ་མཐུན་བརྗེ་རེས་ལོའི་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། བྱ་འགུལ་དེ་སྔར་ལས་ཆུ་ཚད་མཐོ་བ་ཞིག་ཏུ་བསྒྲུབ་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨུ་རུ་སིས་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་རོགས་ལས་དམ་པོ་བྱེད་དགོས་པ་དང་། ལྷག་པར་དུ་སི་རི་ཡའི་རྫས་འགྱུར་མཚོན་ཆ་མཚོ་ཐོག་ནས་སྐྱེལ་འདྲེན་བྱེད་པའི་མཉམ་འབྲེལ་གྲུ་སྲུང་འགུལ་སྐྱོད་ལ་མཉམ་དུ་ཞུགས་དགོས། ཀྲུང་གོ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་ཕྱིན་ཆད་རྒྱལ་སྤྱིའི་གནད་དོན་ཐད་ནས་མུ་མཐུད་དུ་གྲོས་མོལ་དང་མཉམ་ལས་བཟང་བོ་བྱས་ནས། འཛམ་གླིང་དང་ས་གནས་ཀྱི་ཞི་བདེ་དང་བདེ་འཇགས། བརྟན་འཇགས་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བདག་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཉིས་སྟོང་བཅོ་ལྔ་ལོར་འཛམ་གླིང་གིས་ཧྥ་ཞི་སི་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་དང་ཀྲུང་གོ་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་བླངས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་མཉམ་དུ་སྤེལ་རྒྱུ་ཐག་བཅད་ཟེར།

ཕུའུ་ཅིན་གྱིས་གསུངས་རྒྱུར། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བ་དང་གྲུབ་འབྲས་མངོན་གསལ་ཐོབ། ན་ནིང་ཕྱོགས་གཉིས་ཀྱི་ཉོ་ཚོང་གྲངས་ཀ་ཨ་མེ་རུ་ཁའི་སྒོར་མོ་ཐེར་ཆེན་བརྒྱད་དང་ཐེར་འབུམ་བདུན་ལ་བསླེབས་པ་དང་། ཉིས་སྟོང་བཅོ་ལྔ་ལོར་ཕྱོགས་གཉིས་ཀྱི་ཉོ་ཚོང་གྲངས་ཀ་ཨ་མེ་རུ་ཁའི་སྒོར་མོ་ཁྲག་ཁྲིག་གཅིག་ལ་སླེབ་ཐུབ་པར་བདག་ལ་ཡིད་ཆེས་ཡོད། ལོ་གསར་བའི་ནང་དུ་བདག་གིས་ཞི་ཀྲུའུ་ཞི་དང་འབྲེལ་འདྲིས་དམ་པོ་བྱས་ནས་སྣུམ་སོལ་གསར་སྤེལ་དང་ཉིང་རྡུལ་ནུས་པ། མཁའ་སྐྱོད་མཁའ་འགྲུལ། འཕྲིན་གཏོང་། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ལ། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་འཛམ་གླིང་གིས་ཧྥ་ཞི་སི་ངོ་རྒོལ་བྱེད་པའི་དམག་འཁྲུག་དང་ཀྲུང་གོ་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་བླངས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གང་ལེགས་སྒོས་སྤེལ་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་བུའུ་ཁི་ལན་གནས་བབ་དང་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་སོགས་ཀྱི་གནད་དོན་ཐད་ནས་དགོངས་ཚུལ་བརྗེ་རེས་མཛད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག