མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་གོང་གི་ལོ་གསུམ་ནང་ཀྲུང་དབྱང་ནོར་སྲིད་ནས་མཐའ་དར་དམངས་ཕྱུག་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་༤༠ལྷག་བཏང་བ།

རྩོམ་པ་པོ། ལྷག་པ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-02-02 11:53

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པ་ལག་བསྟར་བྱས་ནས་ལོ་གསུམ་སོང་རིང་། ཀྲུང་དབྱང་ནོར་སྲིད་ནས་མཐའ་དར་དམངས་ཕྱུག་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་༤༢དང་བྱེ་བ་༡དང་ས་ཡ་༡བཏང་བ་དེ་གོང་གི་ལོ་བཅུའི་བསྡོམས་འབོར་གྱི་ལྡབ་གཉིས་ཡིན་པ་རེད།

    གསར་འགོད་པས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པ་ལག་བསྟར་བྱས་ནས་ལོ་གསུམ་སོང་རིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཚན་པས་རང་སོའི་འགན་ནུས་དང་ཟུང་འབྲེལ་གྱིས་མཐའ་མཚམས་ས་ཁུལ་དུ་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། འཆར་འགོད་ལག་བསྟར་དོན་འཁྱོལ་ལ་སྐུལ་སྤེལ་བཏང་ཡོད་པ་རེད། མཐའ་དར་དམངས་ཕྱུག་བྱ་སྤྱོད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་ཕུད། ཀྲུང་དབྱང་ནོར་སྲིད་ནས་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་གོང་འཕེལ་ལ་ཟུར་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་༡༨དང་བྱེ་བ་༩བཏང་བ་དེ་འདས་ཟིན་པའི་ལོ་དགུའི་བསྡོམས་འབོར་ལས་ལྡབ་གཅིག་ལྷག་འཕར་ཡོད་པ། མཐའ་མཚམས་ས་ཁུལ་དུ་བརྗེ་སྒྱུར་བྱས་པའི་མ་དངུལ་སྒོར་དུང་ཕྱུར་༢༧༧དང་བྱེ་བ་༥ཟིན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་སྲིད་འཛིན་གྲོང་ཚོ་༤༦༨ཡོད་པ་རྣམས་དབུལ་སྐྱོར་གསར་སྤེལ་གྱི་གྲོང་ཚོ་ཡོངས་ལ་སྐུལ་འདེད་གཏོང་བའི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་ནང་བཅུག་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ་༢༠༠༠ལོར། རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གིས་ནོར་སྲིད་པུའུ་དང་མཉམ་དུ་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་ཚོད་ལྟ་བྱས་པ་དང་། ལས་འགན་གཙོ་བོ་ནི་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྐྱེ་ཁམས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས། མཐའ་མཚམས་མང་ཚོགས་ཀྱི་དབུལ་ཕོངས་གནད་དོན་ཐག་གཅོད། མཐའ་མཚམས་ཉོ་ཚོང་གོང་འཕེལ་གཏོང་རྒྱུ། མཐའ་མཚམས་ས་ཁུལ་གྱི་རིག་གནས་དང་སློབ་གསོ། འཕྲོད་བསྟེན་སོགས་སྤྱི་ཚོགས་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཅིག་པ་ནས་བཟུང་། རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གིས་སྣེ་འཁྲིད་དེ་མཐའ་དར་དམངས་ཕྱུག་བྱ་སྤྱོད་དང་། མི་འབོར་ཅུང་ཉུང་བའི་མི་རིགས་གོང་འཕེལ་ལ་ཟུར་སྐྱོར། གྲངས་ཉུང་མི་རིགས་བྱ་གཞག་སོགས་རྒྱལ་ཁབ་རིམ་པའི་ཆེད་དོན་འཆར་འགོད་བཟོས་པ་དང་། མི་རིགས་ལས་དོན་ཆེད་དོན་འཆར་འགོད་བྱེད་པའི་འགུལ་ཤུགས་ཆེན་པོ་གསུམ་གྲུབ་ཡོད་པ་རེད།

    རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལོ་ལིན་མེང་གིས་མི་རིགས་ལས་དོན་གྱི་ཆེད་དོན་འཆར་འགོད་ལག་བསྟར་བྱས་པ་དེས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་གོང་འཕེལ་ཆ་རྐྱེན་ལེགས་བཅོས་དང་གོང་འཕེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ། རང་ངོས་གོང་འཕེལ་ནུས་པ་ཟམ་མི་ཆད་པར་གོང་མཐོར་གཏོང་རྒྱུ། རྒྱལ་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྨང་གཞི་སྔར་བས་བརྟན་དུ་གཏོང་རྒྱུ་བཅས་ལ་ཕན་ཐོགས་ཡོད་ཅེས་བསྟན་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག