མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་སྔར་བས་མཛེས་སྡུག་ལྡན་པར་གྱུར་ཅིག

རྩོམ་པ་པོ། ཚེ་དགའ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-02-01 13:32

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དཔྱིད་གསར་དུས་ཆེན་ཆེན་གྱི་ཚེས་གཅིག་ཉིན། ས་གནས་ཁག་གི་མང་ཚོགས་ཚོས་ཕན་ཚུན་གཉེན་འཕྲད་བྱེད་པའམ་ཡང་ན་ཕྱི་ཕྱོགས་སུ་ཡུལ་སྐོར་འགྲོ་བ་ཡང་ན་ལུས་རྩལ་སྦྱོང་བརྡར་བྱེད་པ་སོགས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་རྟ་ལོའི་དཔྱིད་གསར་དུས་ཆེན་གཏོང་བ་དང་། དུས་ཆེན་གྱི་སྤྲོ་སྐྱིད་ལ་རོལ་ཡོད་པ་རེད།

    དཔྱིད་གསར་དུས་ཆེན་རིང་པེ་ཅིན་གྱི་དམངས་སྲོལ་བྱེད་སྒོ་ཆེ་ཤོས་ཚོགས་མཆོད་དེ་མང་ཚོགས་མང་པོ་ཞིག་གི་ངེས་པར་དུ་གདམ་ག་བྱེད་པའི་ལེ་ཚན་ཞིག་ཏུ་གྱུར་ཡོད་པ་རེད། སྤྱི་ཟླ་དང་པོའི་ཚེས་༣༡ཉིན་གྱི་སྔ་དྲོ། པེ་ཅིན་ཏིས་ཐན་ཚོགས་མཆོད་ལ་མི་ཚོགས་ཀྱི་ཁེངས་ཤིང་། མི་རྣམས་ཀྱི་ལོ་གསར་གྱི་ཅ་ལག་ཉོ་བ་དང་། རོལ་རྩེད་རྩེ་བ། ཁྱད་ཆོས་ཟ་རིགས་སྤྱོད་ཅིང་། གང་སར་དགའ་སྤྲོའི་རྣམ་པས་རབ་ཏུ་ཁེངས་ཡོད་པ་རེད། ཚོགས་མཆོད་གཙོ་གཉེར་བྱེད་མཁན་གྱིས་ད་དུང་པེ་ཅིན་གྱི་ལུགས་སྲོལ་རྙིང་པའི་རྩལ་རྩེད་འཁྲབ་སྟོན་དང་། མངོན་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་སོགས་ཀྱི་བྱེད་སྒོ་བཀོད་སྒྲིག་བྱས་ནས། མི་རྣམས་ཀྱིས་དུས་ཆེན་དགའ་གཏོང་བྱེད་པ་དང་ཆབས་ཅིག་སྲོལ་རྒྱུན་རིག་གནས་ཀྱི་ཉམས་འགྱུར་མཐོང་ཐུབ་པ་བྱས་ཡོད། པེ་ཅིན་གྱི་ཏིས་ཐན་ཚོགས་མཆོད་དེ་སྤྱི་ལོ་༡༩༨༥ལོར་འགོ་ཚུགས་པ་དང་། སྤྱི་ལོ་༢༠༡༤ལོར་སླེབས་དུས་སྐབས་༢༩ཟིན་ཡོད་ཅིང་། ལོ་ལྟར་ལྟད་མོ་བ་ས་ཡ་ལས་བརྒལ་བ་འཛོམས་ཀྱི་ཡོད་པ་རེད།

    ཧྲང་ཧེ་ཡུལ་སྐོར་མཛེས་ལྗོངས་ཁག་གིས་དམངས་སྲོལ་རིག་གནས་དང་སྤྱིུ་ལོ་༢༠༡༤ལོའི་བློ་གྲོས་ཡུལ་སྐོར་ལོ་ཞེས་པར་གཞིགས་ནས། བརྗོད་བྱ་གཙོ་བོའི་བྱེད་སྒོ་མི་ཉུང་བ་ཞིག་བཀོད་སྒྲིག་བྱས་ཤིང་། ངོ་མཚར་ལྟད་མོས་ཁེངས་པར་བྱས་ཡོད།

    དཔྱིད་གསར་དུས་ཆེན་རིང་། ཐན་ཅིན་གྲོང་ཁྱེར་གྱིས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་ཅིང་། སྒོའི་སྤོ་ལོ་དང་། ཤང་ཆི་མིག་མངས། ཝེ་ཆི་མིག་མངས། མཆོང་སྒྲིག་མིག་མངས་བཅས་ཀྱི་འགྲན་བསྡུར་བྱེད་འགོ་བརྩམས་ཡོད་པ་རེད། ལོ་གསར་གྱི་ཚེས་གཅིག་ཉིན། ཐན་ཅིན་གྲོང་ཁྱེར་གྱི་ཆ་རྐྱེན་ཡོད་པའི་སྤྱི་པའི་ལུས་རྩལ་ཁང་དང་། ལུས་རྩལ་སྦྱོང་བརྡར་སྤྱི་གླིང་གི་དམངས་ཡོངས་ཀྱི་ལུས་སྦྱོང་སྒྲིག་བཀོད་གླ་རིན་མི་དགོས་པར་གྲོང་མིར་ཉིན་གཅིག་སྒོ་ཕྱེས་ཡོད་པ་རེད།

    གསར་འགོད་པས་ཧར་པིན་ཉི་མའི་གླིང་ཕྲན་གངས་བརྐོས་སྒྱུ་རྩལ་དངོས་མང་བཤམ་སྟོན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉི་མའི་གླིང་ཕྲན་གངས་བརྐོས་སྒྱུ་རྩལ་དངོས་མང་བཤམ་སྟོན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་བདེ་སྐྱིད་ལྡན་པའི་གངས་བརྐོས་དངོས་མང་བཤམ་སྟོན་གྱིས་དཔྱིད་གསར་ལ་བསུ་བ་ཞུ་ཞེས་པ་བརྗོད་བྱ་གཙོ་བོ་བྱས་ནས། དགའ་སྤྲོའི་རྣམ་པ་དང་བཀྲ་ཤིས་སྨོན་འདུན་གྱིས་ཁེངས་པའི་དུས་ཆེན་གྱི་རྣམ་པ་ཞིག་བསྐྲུན་པས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཚོས་གངས་བརྐོས་སྒྱུ་རྩལ་ལ་ལྟད་མོ་ལྟ་བ་དང་ཆབས་ཆིག་གངས་བརྐོས་སྒྱུ་རྩལ་དངོས་མང་བཤམ་སྟོན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་མཁོ་འདོན་བྱས་པའི་བཀྲ་ཤིས་སྨོན་འདུན་འཚོལ་བ་སོགས་ཀྱི་རོལ་རྩེད་བྱེད་སྒོར་རོལ་ཡོད་པ་རེད།

    གནམ་གང་གི་དགོང་མོ་གསར་འགོད་པ་ཀན་སུའུ་མིན་རྫོང་མེ་ཀྲའུ་གྲོང་བརྡལ་ཡོང་ཀོན་གྲོང་ཚོའི་ནང་བསྐྱོད་སྐབས། གནམང་གང་དགོང་མོ་ཡོང་ཀོན་གྲོང་ཚོའི་ཧྲི་བཞི་པའི་གྲོང་མི་མང་པོ་ཞིག་ཡོང་ཀོན་གྲོང་ཚོའི་སློབ་ཆུང་ནང་འཛོམས་ནས་མཉམ་དུ་ཅོ་ཙེ་བཟས་ནས་ས་ཡོམས་རྗེས་ཀྱི་གནམ་གང་ཐེངས་དང་པོ་དེ་བཏང་ཡོད་པ་རེད།

    སྤྱི་ཟླ་དང་པོའི་ཚེས་༣༠ཉིན་གྱི་གནམ་གང་དགོང་མོའི་ཆུ་ཚོད་༢༣སྐབས། ཁྲང་ཁྲུན་ནས་ཀོང་ཀྲའོ་བར་གྱི་ཐེ་༡༢༢མེ་འཁོར་ཐོག་ཧྲེང་ཡང་ལྕགས་ལམ་ཅུས་ཁྲང་ཁྲུན་སྐྱེལ་འདྲེན་ས་ཚིགས་ཀྱི་ལས་བྱེད་པ་དང་ལས་བཟོ་པས་འགྲུལ་བཞུད་པ་དང་ལྷན་དུ་ཡུལ་གོམས་གཤིས་ལུགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་། བརྩེ་སེམས་ཀྱིས་རབ་ཏུ་ཁེངས་པའི་མེ་འཁོར་ཐོག་གི་དཔྱིད་གསར་དགོང་ཚོགས་ཤིག་འཁྲབ་སྟོན་བྱས་ཤིང་། འགོ་ཚུགས་གླུ་གར་སྤྲོ་སྐྱིད་ལྡན་པའི་ཀྲུང་གོའི་ལོ་གསར་ཞེས་པས་འགྲུལ་བཞུད་པ་རྣམས་རེ་ཞིག་སྤྲོ་སྐྱིད་ཀྱིས་ཁེངས་པར་བྱས་ཡོད།

    ཤིན་ཅང་ཨ་ཝ་ཐེ་རྫོང་ཏོ་ལན་གྲོང་ཚོར། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་འཐུས་མི་དང་མི་རིགས་ཁག་གི་མང་ཚོགས་ལྷན་དུ་ཅོ་ཙེ་བཟོས་པ་དང་། ཀུའེ་ཀྲའོ་ཡི་ཆན་ནན་དུ་མེའུ་རིགས་མང་ཚོགས་གླུ་གར་འཁྲབ་ནས་ལོ་གསར་པའི་ནང་ལོ་ལེགས་ཡོང་བའི་སྨོན་འདུན་ཞུས་ཡོད་པ་རེད།

    ལོ་གསར་ཚེས་གཅིག་གི་སྔ་དྲོ། ཟི་ཁྲོན་ཡ་ཨན་གྲོང་ཁྱེར་ལུའུ་ཧྲན་རྫོང་དམར་དམག་ཐང་དུ་ས་གནས་དེ་གའི་མང་ཚོགས་ཀྱིས་འགའ་སྤྲོའི་རྣམ་པས་ཁེངས་པའི་ཞབས་བྲོ་འཁྲབ་ནས་རྟ་ལོའི་ལོ་གསར་ལ་བསུ་བ་ཞུས་ཡོད་པ་རེད། དབྱང་ཀེ་ཞབས་བྲོ་ལྷན་དུ་འཛོམས་སོང་ཞེས་པ་དང་། རྒྱ་གར་གྱི་ཞབས་བྲོ་དཔལ་འབར་ཞེས་པ། བོད་རིགས་ཀྱི་ཞབས་བྲོ་བཀྲ་ཤིས་བདེ་ལེགས་ཞེས་པ་སོགས་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག