མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྨན་ཁང་ཕྱིའི་སྨན་བཅོས་མྱུར་སྐྱོབ་དོ་དམ་བྱ་ཐབས་ཞེས་པ་སྤྱི་ཟླ་༢པའི་ཚེས་༡ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ།

རྩོམ་པ་པོ། ཡེ་ཤེས་དབྱངས་ཅན།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-02-01 13:31

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་སྨན་ཁང་ཕྱིའི་སྨན་བཅོས་མྱུར་སྐྱོབ་དོ་དམ་བྱ་ཐབས་ཞེས་པ་སྤྱི་ཟླ་༢པའི་ཚེས་༡ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

    བྱ་ཐབས་དེའི་ནང་། སྨན་ཁང་ཕྱིའི་སྨན་བཅོས་མྱུར་སྐྱོབ་ཅེས་པ་ནི་མྱུར་སྐྱོབ་ལྟེ་གནས་དང་སྨན་ཁང་ཕྱིའི་སྨན་བཅོས་མྱུར་སྐྱོབ་ལས་འགན་ཁུར་མཁན་དྲ་ཐོག་སྨན་ཁང་གིས་གཅིག་འགྱུར་བཀོད་འདོམས་ལ་གཞིགས་ནས། ནད་པ་སྨན་ཁང་ནང་སྨན་བཅོས་བྱེད་པར་མ་བསྐྱལ་གོང་། སྨན་ཁང་ཕྱི་རོལ་དུ་ས་གནས་དངོས་ཀྱི་མྱུར་སྐྱོབ་དང་སྨན་ཁང་ལ་བསྐྱལ་བའི་ལམ་བར་དུ་ཛ་དྲག་མྱུར་སྐྱོབ་བྱེད་པ་དེ་བཞིན་ལྟ་སྐྱོང་གིས་གཙོ་བོ་བྱས་པའི་སྨན་བཅོས་བྱེད་སྒོར་ཟེར་གྱི་ཡོད། སྨན་ཁང་ཕྱིའི་མྱུར་སྐྱོབ་ནི་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་སྤྱི་ཕན་རང་བཞིན་གྱི་བྱ་བཞག་ཡིན་པ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁོངས་སུ་གཏོགས་ཀྱི་ཡོད་ཅེས་བཀོད་ཡོད་པ་རེད།

    བྱ་ཐབས་ནང་སྨན་ཁང་ཕྱིའི་སྨན་བཅོས་མྱུར་སྐྱོབ་ཀྱིས་བྱས་མི་ཆོག་པ་ལྔ་གཏན་འབེབ་ཁ་གསལ་བྱས་ཡོད་དེ། གཅིག་ནི་འཕྲོད་བསྟེན་སྲིད་འཛིན་ཚན་པའི་ཆོག་མཆན་མེད་ན། ཚན་པ་གང་རུང་དང་དེའི་ཁོང་གཏོགས་ཚན་པ། མི་སྒེར་བཅས་ཀྱིས་མྱུར་སྐྱོབ་ལྟེ་གནས་ཀྱི་མིང་ཐོག་ནས་སྨན་ཁང་ཕྱིའི་སྨན་བཅོས་མྱུར་སྐྱོབ་ལས་དོན་སྤེལ་མི་ཆོག གཉིས་ནི་ཚན་པ་གཞན་དང་མི་སྒེར་གྱིས་ཁ་པར་ཨང་གྲངས་༡༢༠རམ་རྣམ་པ་གཞན་གྱི་སྨན་ཁང་ཕྱིའི་སྨན་བཅོས་མྱུར་སྐྱོབ་ཁ་པར་ཨང་གྲངས་སྒྲིག་སྦྱོར་བྱས་མི་ཆོག གསུམ་ནི་མྱུར་སྐྱོབ་ལྟེ་གནས་དང་མྱུར་སྐྱོབ་དྲ་ཐོག་སྨན་ཁང་གིས་འགྲོ་གྲོན་གྱིས་རྐྱེན་པས་སྨན་ཁང་ཕྱིའི་སྨན་བཅོས་མྱུར་སྐྱོབ་ཞབས་ཞུ་མི་སྒྲུབ་པའམ་ནར་འགྱངས་བྱས་མི་ཆོག བཞི་ནི་མྱུར་སྐྱོབ་ལྟེ་གནས་དང་མྱུར་སྐྱོབ་དྲ་ཐོག་སྨན་ཁང་གིས་མྱུར་སྐྱོབ་རླངས་འཁོར་དེ་སྨན་ཁང་ཕྱིའི་སྨན་བཅོས་མྱུར་སྐྱོབ་ཀྱི་ཞབས་ཞུ་མིན་པའི་ཐད་བེད་སྤྱོད་བྱས་མི་ཆོག ལྔ་ནི་མྱུར་སྐྱོབ་ལྟེ་གནས་དང་མྱུར་སྐྱོབ་དྲ་ཐོག་སྨན་ཁང་ཕུད། ཚན་པ་དང་མི་སྒེར་གང་རུང་གིས་མྱུར་སྐྱོབ་རླངས་འཁོར་བཏང་ནས་སྨན་ཁང་ཕྱིའི་སྨན་བཅོས་མྱུར་སྐྱོབ་ལས་དོན་སྤེལ་མི་ཆོག་པ་བཅས་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག