མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕིང་པྱིད་གསར་དུས་ཆེན་གོང་ནང་སོག་ཏུ་རྟོག་ཞིབ་གནང་བ།

རྩོམ་པ་པོ། ཚེ་འཛིན་དབང་མོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-01-31 23:18

    ལུགས་རྙིང་གི་རྟ་ལོའི་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་དེར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༢༦ནས་༢༨ཉིན་བར་ནང་སོག་རང་སྐྱོང་ལྗོངས་ཤིང་ཨན་མོང་དང་། ཤི་ལིན་ཀོ་ལེ་མོང་། ཧུ་ཧེ་ཧའོ་ཐེ་གྲོང་ཁྱེར་སོགས་སུ་ཕེབས་ཏེ། ནགས་ར་དང་། འབྲོག་རྭ། ཁེ་ལས། འབྲོག་ཁྱིམ། གྲོང་ཁུལ་བཅས་སུ་རྟོག་ཞིབ་གནང་བར་ཕེབས་པ་དང་། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་གཟིགས་པ་མ་ཟད། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ལྷག་བསམ་རྣམ་དག་གི་ལོ་གསར་གྱི་སྨོན་འདུན་ཞུས་ཡོད་པ་རེད།

    སྤྱི་ཚེས་༢༦ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་༣༠ལྷག་ཟིན་པའི་གྲང་ངར་ལ་མི་འཛེམས་པར་མཐའ་མཚམས་སུ་གནས་པའི་ཤིང་ཨན་མོང་ཨར་ཧྲན་གྲོང་ཁྱེར་དུ་ཕེབས་ཏེ་དབྱི་ཨར་ཧྲེ་གྲོང་བརྡལ་གྱི་དགུང་ལོ་༧༤ར་ཕེབས་པའི་དཀའ་ངལ་ཆེ་བའི་ཐེམ་དུད་ནགས་ལས་ལས་བཟོ་པ་ཀོ་ཡུང་ཚའེ་ཡི་ཁྱིམ་དུ་ཕེབས་པ་དང་། ཐབ་ཁྲིའི་ཐོག་ཞུགས་ཏེ་ཁྱིམ་ཚང་དེའི་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། ཞི་ཅིན་ཕིང་གིས་ས་གནས་དེའི་ལས་བྱེད་པས་ཁང་པ་ཐེབས་ཆག་ཁུལ་བཟོ་བཅོས་རྒྱག་རྒྱུ་མགྱོགས་སུ་གཏོང་བ་དང་། དུས་ཚོད་རེའུ་མིག་བཟོས་ཏེ་མང་ཚོགས་ཚོ་སྔ་ཙམ་ཁང་པ་གསར་པའི་ནང་སྤོ་ཐུབ་པ་བྱེད་དགོས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཁྱིམ་ཚང་ཚང་མ་དུས་ཆེན་ཡག་པོ་ཞིག་གཏོང་རྒྱུ་ཡོང་བ་བྱེད་དགོས་པའི་བཀའ་མངགས་གནང་ཡོད་པ་རེད།

    སྤྱི་ཚེས་༢༧ཉིན་གྱི་ཞོགས་པ་སྔ་པོར། ཞི་ཅིན་ཕིང་གིས་ཤི་ལིང་ཧའོ་ཐེ་གྲོང་ཁྱེར་ཁྲུག་ལེན་ཁྲོམ་གཞུང་གི་དམངས་གཅེས་གྲོང་ཁུལ་དུ་ཕེབས་ཏེ། གྲོང་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་དང་། རང་འདེམས་ཚོང་ཁང་། དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་ཞུ་ཐིང་སོགས་སུ་ཕེབས་ཏེ། གྲོང་མི་ཚོ་དང་མཛའ་བརྩེ་ཟབ་མོས་བཀའ་མོལ་གནང་བ་དང་། གྲོང་ཁུལ་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་ཐུགས་ཁུར་བྱེད་པའི་ལས་དོན་དང་། དུས་ཆེན་རིང་གི་ཁྲོར་རྭའི་མཁོ་སྤྲོད་གནས་ཚུལ་མཁྱེན་རྟོགས་གནང་ཡོད། རླངས་འཁོར་མ་ཞུགས་གོང་། ཞི་ཅིན་ཕིང་གིས་གྲོང་ཁུལ་གྱི་འགན་འཁུར་བར། མི་དམངས་སེམས་དབུས་ཀྱི་གནས་བབ་གལ་ཆེ་ཤོས་སུ་བཞག་སྟེ། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་དགོས་པའི་བཀའ་མངགས་གནང་ཡོད།

    དེ་རྗེས། ཞི་ཅིན་ཕིང་མའོ་ཏེང་འབྲོག་རྭའི་གཟན་རྩའི་ཐོན་ལས་རྟེན་གཞིར་ཕེབས་པ་དང་། རྟེན་གཞིའི་གཟན་རྩའི་ཐོན་རྫས་ཉོ་ཚོང་དང་གསོག་འཇོག་གི་ཞབས་ཞུ་དང་། ལས་སྣོན་ཞིབ་ཚགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། བཤས་ལུག་གསོ་ཚགས་རྟེན་གཞིར། ཞི་ཅིན་ཕིང་ནས་རྟེན་གཞིས་བཤས་ལུག་འདེམས་གསོ་དང་། སྐྱེ་འཕེལ། ཚན་རིག་དང་མཐུན་པའི་གསོ་ཚགས། འབྲོག་པའི་སྣེ་འཁྲིད་དེ་ཕྱུག་འགྱུར་ལམ་དུ་བསྐྱོད་ཚུལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཁོང་གིས། སྲོལ་རྒྱུན་ཕྱུགས་ལས་དེང་རབས་ཕྱུགས་ལས་ལ་བསྒྱུར་བའི་གོམ་སྟབས་མགྱོགས་སུ་གཏོང་དགོས་པ་དང་། ཐབས་ལམ་ཡག་པོ་ཁག་ཅིག་འཚོལ་ཞིབ་བྱས་ཏེ། ཞིང་འབྲོག་པ་ཚོར་ཐོན་ལས་ཀྱི་ཁེ་སྤོགས་དེ་བས་མང་བ་ལོངས་སྤྱོད་བྱེད་རྒྱུ་ཡོད་པ་བྱེད་དགོས་པ་དང་། སྣེ་འཁྲིད་ཁེ་ལས་སོགས་གཉེར་སྐྱོང་གཙོ་གཟུགས་དང་དངོས་སུ་ཁེ་ཕན་ཐུན་མོང་མ་ལག་གྲུབ་པ་བྱེད་དགོས་པའི་ནན་བཤད་གནང་ཡོད།

    ཞི་ཅིན་ཕིང་གིས་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱུང་མིན་གནད་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་ཅིང་། ཁོང་གིས་ཤི་ལིན་ཀོ་ལེ་མང་གི་དགུང་ལོ་༨༡ལ་ཕེབས་པའི་འབྲོག་པ་མ་ཅི་གེའི་ཁྱིམ་དུ་ཕེབས་ཏེ། སོག་གུར་ནང་ཁོང་ཚོའི་ནང་མི་དང་ལྷན་དུ་གཏམ་གླེང་གནང་སྟེ་ཞུགས་ཡོད། ཧུ་ཧེ་ཧའོ་ཐེ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་ནི་ས་གནས་དེའི་སྲིད་གཞུང་གིས་བཙུགས་པའི་བདག་སྐྱོང་དང་། སྨན་བཅོས། བདེ་ཐང་སླར་གསོ། སློབ་གསོ། བཀོད་སྒྲིག་བཅས་གཞི་གཅིག་དུ་བསྒྲིལ་བའི་ཕན་བདེའི་ལས་ཁུངས་ཤིག་ཡིན་པ་དང་། མིག་སྔར་དེ་གར་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་བྱིས་པ་༢༠༠ལྷག་ཡོད། སྤྱི་ཚེས་༢༨ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་བྱིས་པའི་ཕན་བདེ་ཁང་དུ་ཕེབས་ཏེ། དེ་གར་ཡོད་པའི་བྱིས་པ་ཚོར་གཟིགས་ཡོད། ཞི་ཅིན་ཕིང་གིས་སྒུར་སྒུར་གནང་སྟེ་བྱམས་བརྩེ་ཆེན་པོས་བྱིས་པ་ཞིག་རུམ་དུ་བཅུག་གནང་སྟེ། བརྩེ་བ་ཆེན་པོས། བྱིས་པའི་ཕན་བདེ་ཁང་གི་བྱིས་པ་ཚོ་མེས་རྒྱལ་གྱི་བྱིས་པ་གཞན་ཚོ་དང་འདྲ་བར་སྐྱོན་བྲལ་ངང་འཚོ་བ་སྐྱེལ་རྒྱུ་ཡོང་བ་དང་། བདེ་སྐྱིད་ལྡན་པའི་སྒོ་ནས་འཚར་ལོངས་ཡོང་རྒྱུའི་རེ་བ་ཡོད། དེ་ནི་ང་ཚོའི་རེ་བ་ཆེ་ཤོས་ཡིན། ངས་ཕན་བདེ་ཁང་གི་ལས་བཟོ་པ་ཡོངས་ལ་ལོ་གསར་གྱི་སྨོན་འདུན་ཞུ་རྒྱུ་ཡིན། ཁྱེད་རྣམ་པ་སྐུ་ལས་ཁག་སོང་། ལས་ཀ་འདི་ནི་དགེ་བའི་ལས་ཤིག་ཡིན་པས་དོན་སྙིང་ཆེན་པོ་ལྡན་ཡོད། ཏང་དང་སྲིད་གཞུང་། མི་དམངས་བཅས་ཚང་མས་ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་གསུངས་ཡོད།

    རྟོག་ཞིབ་གནང་མཇུག་བསྒྲིལ་སྐབས། ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་པ་དང་། ཉེ་བའི་ལོ་ཤས་ནང་ནང་སོག་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་མི་རིགས་མཐུན་བསྒྲིལ་ཡར་ཐོན་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། ཞི་ཅིན་ཕིང་གིས། ནང་སོག་གི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་སོ་སྲུང་རོགས་རེས་བྱེད་དགོས་པ་སྟེ། དེ་ཡང་སོ་སྲུང་ནི། རང་ཁྱིམ་གྱི་སྒོ་ཡག་པོ་སྲུང་བ་དང་། མེས་རྒྱལ་གྱི་མཐའ་མཚམས་ཡག་པོ་སྲུང་བ། ནང་སོག་གྲངས་ཉུང་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་བསམ་པའི་ཁྱིམ་གཞི་ཡག་པོ་སྲུང་བ་བཅས་བྱེད་དགོས་པ་དང་། མཐོ་སར་བསྐྱོད་དེ་རྒྱང་ལྟ་བྱེད་པ་དང་། བྱ་གཞག་འཆར་བཀོད་ཡག་པོ་བྱེད་པ་དང་། གོང་འཕེལ་ཡོང་བ་བྱེད་པར་ས་གནས་དེ་ནས་ཐོན་པ་དང་། རང་བྱུང་ཆ་རྐྱེན་གྱི་བཀག་རྒྱ་ལས་གྲོལ་བ། ནང་སོག་ནས་ཐོན་པབཅས་བྱས་ཏེ། འཛམ་གླིང་ལ་ཕྱོགས་པའི་མིག་རྒྱང་དགོས་པ་དང་། དུས་བབ་ཧྲིལ་པོའི་འདུ་ཤེས་ཡོད་དགོས། རོགས་རེས་ནི། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་འདྲ་མཉམ་དང་། མཐུན་བསྒྲིལ། རོགས་རེས། མཆམ་མཐུན་བཅས་ཀྱི་བསམ་བློ་བརྟན་པོ་བཙུགས་སྟེ། མི་རིགས་ཁག་གི་མི་དམངས་རྡོ་རྩ་གཅིག་ཏུ་བསྒྲིལ་ཏེ་མཉམ་དུ་མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོབ་བྱེད་དགོས་པ་དང་། མཉམ་དུ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་ཞེས་ནན་བཤད་གནང་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག