མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལི་ཁེ་ཆང་གིས་ཧྲའན་ཞི་ཇིན་པ་ཧྲན་ས་ཁུལ་དུ་ཕེབས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་གནང་བ།

རྩོམ་པ་པོ། ལྷག་པ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-01-31 23:16

    རྟ་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་༢༦ཉིན་ནས་༢༨ཉིན་བར་ཧྲའན་ཞི་ཇིན་པ་ཧྲན་ས་ཁུལ་དུ་ཕེབས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་གནང་བ་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་ཡོད་པ་རེད། དཔྱིད་གསར་དུས་ཆེན་སླེབས་ཉེར་ཡོད་པའི་སྐབས། ལི་ཁེ་ཆང་གིས་དབུལ་ཕོངས་རི་ཁུལ་དུ་ཡོད་པའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐུགས་ཁུར་ཆེན་པོ་གནང་བ་དང་། སྤྱི་ཚེས་༢༦ཉིན་གྱི་སྔ་དྲོ། ལི་ཁེ་ཆང་ནས་གནམ་གྲུར་བཞུགས་ཏེ་པེ་ཅིན་ནས་ཤི་ཨན་དུ་ཕེབས་པ་དང་། དེ་རྗེས་སྔ་ཕྱིར་མེ་འཁོར་དང་རླངས་འཁོར་ལ་བཞུགས་ཏེ་ཆུ་ཚོད་༧ལྷག་ཕེབས་རྗེས་ཨན་ཁང་གྲོང་ཁྱེར་དུ་ཕེབས་འབྱོར་བྱུང་ཡོད། ཀྲེན་ཨན་རྫོང་ཡུན་ཀའེ་སི་གྲོང་རྡལ་ཧྭ་ཡོན་སྡེ་ཁུལ་དུ། ལི་ཁེ་ཆང་གིས་གནས་སྤོས་མང་ཚོགས་ལ་གཟིགས་པ་དང་། སྡེ་ཁུལ་ནང་གྲལ་བསྟར་སྒྲིག་པའི་ཐོག་ཁང་འཛུགས་སྐྲུན་ཟིན་མ་ཐག་ཡིན་པ་དང་། སྔོན་མ་རི་ཁུག་ཏུ་འཚོ་སྡོད་བྱེད་མཁན་གྲོང་མི་རྣམས་དེ་གར་གནས་སྤོས་བྱས་པ་དང་། འཚོ་བ་སྔར་བས་སྟབས་བདེ་རུ་སོང་ཡོད། ཙུང་ལིས་ཚང་མར་གཟིགས་པར་ཕེབས་པའི་གནས་ཚུལ་ཐོས་རྗེས། གྲོང་མི་ཚོས་ཚང་ཁ་ཤིག་ཤིག་ངང་ཙུང་ལིའི་འགྲམ་དུ་བཅར་ཡོད་པ་རེད། ལི་ཁེ་ཆང་གིས་ཐུགས་བརྩེ་ཟབ་མོས་གླ་པ་རྒྱུགས་ནས་ཕ་ཡུལ་ལ་ལོག་པའི་ཞིང་པ་རྣམས་དཔྱིད་གསར་དུས་ཆེན་སྐྱེལ་འདྲེན་རིང་གི་མེ་འཁོར་བསྡད་དེ་ནང་ལ་ལོག་སྐབས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་དང་། དེ་རྗེས་ལི་ཁེ་ཆང་གིས་སླར་ཡང་ཨན་ཁང་གྲོང་ཁྱེར་རོགས་སྐྱོབ་ས་ཚིགས་སུ་ཕེབས་གནང་ནས། ཁྱིམ་གཞིས་མེད་པའི་རྒན་རྒོན་དང་བྱིས་པ་འཁྱམས་པོར་གཟིགས་གནང་བ་རེད། ལི་ཁེ་ཆང་གིས་ལས་དོན་མི་སྣར། ཁྱེད་ཚོའི་བྱ་གཞག་དེ་ནི་དངོས་གནང་བླ་ན་མེད་པ་ཞིག་རེད། ཁྱེད་ཚོས་ཁོང་ཚོར་ཁྱིམ་ཚང་ཞིག་བསྐྲུན་པས། ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་བ་རེད།

    སྤྱི་ཚེས་༢༧ཉིན་གྱི་སྔ་དྲོ། ལི་ཁེ་ཆང་ཨན་ཁང་གྲོང་ཁྱེར་ཞུན་ཡང་གི་ཞའོ་ཧོ་གྲོང་རྡལ་ཚོང་འདུས་ཁྲོམ་རར་ཕེབས་གནང་བ་རེད། དཔྱིད་གསར་དུས་ཆེན་སླེབས་ཉེར་ཡོད་ཅིང་། ཚོང་འདུས་ཐོག་གི་ཚོང་ཟོག་འདང་ངེས་ཡོད་པ་དང་མི་ཚོགས་ཀྱིས་ཁེངས་ཡོད། ལི་ཁེ་ཆང་གིས་ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མི་ཚོར། ཁྱིམ་ཚང་ནི་ཀྲུང་གོ་བ་ཚང་མའི་རྩ་བ་ལྟ་བུ་ཡིན། དཔྱིད་གསར་དུས་ཆེན་ནི་ཀྲུང་གོའི་དུས་ཆེན་གྲ་རྒྱས་ཤོས་དེ་ཡིན་པས། ཀྲུང་གོ་བས་ཁྱིམ་ཚང་ལ་མཐོང་ཆེ་ཤོས་བྱེད་ཀྱི་ཡོད། ཁྱིམ་མི་མཉམ་འཛོམས་དང་ཕ་མར་བལྟ་བ། ད་དུང་ཁྱིམ་དུ་ལུས་པའི་བྱིས་པ་ཡོད་སྲིད་པས། ཕྲུ་གུར་ཡང་བལྟ་དགོས། ཁྱེད་ཚོ་ཕྱི་ལོག་ལ་གླ་པ་རྒྱུགས་པས་ཁྱིམ་ཚང་གི་ཡོང་འབབ་བསགས་ཐུབ་པས་མ་ཚད། རྒྱལ་ཁབ་ལ་ལེགས་སྐྱེས་ཕུལ་ཡོད། ང་ཚོའི་རྒྱལ་ཁབ་ལ་ད་ཆའི་གོང་འཕེལ་བྱུང་བའི་ནང་། ཁྱེད་ཚོ་ཚུད་པའི་ཞིང་པ་ལས་མི་ཚོས་བྱས་རྗེས་ཆེན་པོ་བཞག་ཡོད། ཁྱེད་ཚོས་ཕྱི་ལོག་ལ་ལོ་གཅིག་དཀའ་བ་སྤྱད་པས། ཁྱིམ་དུ་ལོག་རྗེས་ངལ་གསོ་ཡག་པོ་རྒྱག་དགོས་པ་དང་། ནང་མི་མཉམ་འཛོམས་དང་དགའ་དགའ་སྤྲོ་སྤྲོའི་ངང་དཔྱིད་གསར་དུས་ཆེན་གཏོང་དགོས། ཚང་མར་ལོ་གསར་ཀྱི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུངས་གནང་བ་རེད།

    རྟོག་ཞིབ་གནང་སྐབས། ལི་ཁེ་ཆང་གིས་ཧྲའན་ཞི་ཡི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། རེས་སྐོར་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ནང་འཐབ་ཇུས་ཀ་རྟེན་ནུས་པ་འདོན་སྤེལ་བྱས་ནས། ནུབ་རྒྱུད་ཀྱི་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་འགུལ་ཤུགས་གསར་པ་འདོན་སྤེལ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག