མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་དང་ལྷོ་ཁོ་རེ་ཡ། བྱང་ཁོ་རེ་ཡ་བཅས་ནས་མཉམ་འབྲེལ་རྒྱལ་ཚོགས་སུ་ལྗར་ཕན་གྱིས་ལོ་རྒྱུས་དང་རྒྱབ་འགལ་གྱི་གཏམ་སྤྱོད་ལ་ཁ་རྡུང་བཏང་བ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-01-31 23:16

    ཉིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུས་ཉིན་ཤས་གོང་འཛམ་གླིང་དམག་ཆེན་དང་པོ་ལངས་ནས་ལོ་བརྒྱ་འཁོར་བར་དྲན་གསོ་ཞུ་ཆེད་འགོ་བརྗོད་དུ་དམག་འཁྲུག་གི་བསླབ་བྱ་དང་ཡུན་རིང་ཞི་བདེ་འཚོལ་སྙེག་བྱེད་དགོས་ཞེས་པའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡོངས་བསྒྲགས་གྲོས་བསྡུར་ཚོགས་འདུ་འཚོགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འཐུས་མི་དང་། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་བྱང་ཁོ་རེ་ཡའི་སྐུ་ཚབ་གཞོན་པས་གྲོས་ཚོགས་ཐོག་ལྗར་ཕན་སྲིད་གཞུང་ནས་ལོ་རྒྱུས་འཁྱོག་བཤད་བྱས་པའི་བྱ་སྤྱོད་ལ་ཁ་རྡུང་བཏང་བ་དང་། ལྗར་ཕན་ཕྱོགས་ནས་སེམས་གསོ་མའི་གནད་དོན་ཐད་ལྷག་བསམ་རྣམ་དག་སྒོ་ནས་དགོངས་དག་ཐུག་བདེན་ཞུ་དགོས་པའི་སྐུལ་མ་བཏང་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་ཀྲུང་གོའི་འཐུས་མི་ལིའུ་ཅེ་དབྱི་ནས་གྲོས་ཚོགས་ཐོག་ལྗར་ཕན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིང་སན་གྱིས་ཅིང་གོ་མེས་པོའི་མཆོད་ཁང་ལ་གུས་མཇལ་བྱས་པའི་བྱ་སྤྱོད་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ནང་མངོན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་འགྲན་རྩོད་བྱས་པ་ཞིག་ཡིན། ལྗར་ཕན་གྱི་འགོ་ཁྲིད་པར་གལ་ཏེ་མཐའ་འཁོར་རྒྱལ་ཁབ་ཀྱི་ཡིད་ཆེས་ཐོབ་འདོད་ན་དམག་འཁྲུག་གི་ཉེས་ཅན་ཕྱོགས་སུ་ལངས་རྒྱུ་མེད་ཅེས་གསུངས་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་ལྷོ་ཁོ་རེ་ཡའི་སྐུ་ཚབ་ཝུ་ཅུན་གྱིས་ལྗར་ཕན་སྲིད་གཞུང་གི་འགོ་ཁྲིད་པས་བཙན་རྒྱལ་རིང་ལུགས་དུས་སུ་བསག་པའི་ཉེས་པ་ངོས་འཛིན་ཐུབ་མེད་པ་དང་། ལོ་རྒྱུས་ཁས་ལེན་མི་བྱེད་པའི་གཏམ་སྤྱོད་ནི་ས་ཁུལ་གྱི་དུས་བབ་ཇེ་སྡུག་ཏུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་ཞེས་གསུངས་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་བྱང་ཁོ་རེ་ཡའི་སྐུ་ཚབ་གཞོན་པ་ལིའི་ཏུང་རེས་ནས་ཀྱང་གྲོས་ཚོགས་ཐོག་གཏམ་བཤད་སྤེལ་ནས་ལྗར་ཕན་སྲིད་གཞུང་ལ་ཁ་རྡུང་དྲག་པོ་བཏང་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག