མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དགའ་དགའ་སྤྲོ་སྤྲོའི་ངང་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས་པ།

རྩོམ་པ་པོ། མཚམས་གཅོད།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-01-31 23:16

    ཀྲུང་གོའི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་སླེབས་པ་དང་བསྟུན་ནས། ཕྱི་རྒྱལ་གྱི་ཐང་རེན་ཁྲོམ་གཞུང་ལ་སྔ་ས་ནས་ལོ་གསར་གྱི་རྣམ་པས་ཁེངས་ཡོད། ལྒང་ཞུ་དང་དཔྱིད་གསར་དུས་ཆེན་གྱི་ཆ་ཡིག སྨོན་ཚིག བཀྲ་ཤིས་མཚོན་བདུད། དེ་བཞིན་ཀྲུང་གོའི་སྲོལ་རྒྱུན་གྱི་ཟ་རིགས་སྣ་ཚོགས་ཚོང་སྒྲོམ་ཐོག་སྒྲིག་ཡོད་པ་རེད།

    ལོ་ལྟར་གྱི་ལུག་རྙིང་ལོ་གསར་ཤར་སྐབས། ཐང་རེན་ཁྲོམ་གཞུང་གི་ཚོང་ཁང་ཚང་མས་དཔྱིད་གསར་དུས་ཆེན་དང་འབྲེལ་བ་ཡོད་པའི་ཀྲུང་གོའི་ལག་རྟགས་ཆེད་མངགས་ཚོང་གཉེར་བྱེད་ཀྱི་ཡོད་པ་དང་། དེའི་ནང་དམིགས་བསལ་ཁྱད་ཆོས་ཆེ་ཤོས་ལྡན་པ་ནི་དཔྱིད་གསར་དུས་ཆེན་གྱི་ཆ་ཡིག་དང་སྨོན་ཚིག ལྒང་ཞུ། བཀྲ་ཤིས་མཚོན་བདུད། ཁྲ་མའི་སྦྱར་རིས། ལོ་གསར་རི་མོ། ཤོག་སྦག་སོགས་ཡིན་པས། ཀྲུང་གོའི་དམར་མདོག་གི་ལོ་གསར་གྱི་རྣམ་པ་ཟབ་མོ་མངོན་གྱི་ཡོད་པ་རེད། ད་ལོ་ནི་ལུག་རྙིང་ལོའི་རྟ་ལོ་ཡིན་པ་དང་། རྟ་ཡིས་བརྗོད་དོན་གཙོ་བོ་བྱེད་པའི་ཐོན་རྫས་ཁག་དཔེར་ན། ཡང་ཊིའི་ཡོ་ཆས་དང་ཤིང་བརྐོས་མ། རི་མོ། ལོ་ཐོ་སོགས་ལ་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད་པ་རེད། ཚོང་ཁང་རེ་རེར་འཛུལ་སྐབས། དམར་མདོག་ཅན་གྱི་འཇིག་རྟེན་ལ་སླེབས་པ་དང་འདྲ་བ་དང་འཛད་སྤྱོད་པ་རེ་རེའི་ངོ་གདོང་ནས་མཛུབ་མདངས་ཕྱུར་བཞིན། རང་གི་དགའ་པོ་བྱེད་པའི་ཚོང་ཟོག་ཞིབ་ཚགས་ངང་བདམས་བཞིན་ཡོད། ཁོ་ཚོས་ཟ་བཅའ་མང་པོ་ཉོས་ཏེ་འཁྱེར་ཡོང་སྐབས། ཚང་མས་ཚོང་ཁང་གི་ལས་དོན་མི་སྣ་དང་འཛད་སྤྱོད་པ་གཞན་དག་ལ་ཕན་ཚུན་ལོ་གསར་གྱི་སྨོན་འདུན་ཞུ་རེས་བྱེད་ཀྱི་ཡོད་པ་རེད།

    ས་ཐག་རིང་བའི་ཨ་རིར། དཔྱིད་གསར་དུས་ཆེན་སླེབས་པ་དང་བསྟུན་ནས། ལོ་གསར་གྱི་རྣམ་པ་འཁྲུག་ཏུ་འགྲོ་བཞིན་ཡོད་པ་རེད། ཉོའུ་གཡོག་མའེ་ཧ་ཏུན་ཐང་རེན་ཁྲོམ་གཞུང་གི་ལག་རྟགས་ཚོང་ཁང་ཞིག་གི་ནང་། སྤུས་ལེགས་ཀྱི་ལྒང་ཞུ་མང་པོ་བསྐྱལ་ཡོད་པ་དང་། དེའི་ཐོག་རྒྱུ་ནོར་ལོངས་སྤྱོད་འཕེལ་བ་ཤོག་ཞེས་པ་དང་བཀྲ་ཤིས་བདེ་ལེགས་སོགས་སྨོན་ཚིག་བྲིས་ཡོད་པ་དང། པད་མ་མེ་ཏོག་སོགས་བྲིས་ཏེ། ཚག་དཀྲོལ་སོགས་ཐོན་རྫས་སྣེ་མང་བཟོས་ཡོད། ལྒང་ཞུ་དེ་དག་གི་རྒྱུ་ཆ་ཀྲུང་གོའི་ཀོང་ཏུང་ནས་ནང་འདྲེན་བྱས་ཏེ། ས་གནས་དེ་གར་སྐྱེལ་འདྲེན་བྱས་རྗེས་སླར་ཡང་ལག་པས་སྒྲིག་སྦྱོར་བྱེད་ཀྱི་ཡོད་པ་རེད། ཚོང་པས། ལྒང་ཞུར་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད་པ་དང་སྐབས་རེ་ཉིན་གཅིག་ལ་ལྒང་ཞུ་བརྒྱ་ལྷག་ཚོང་ཐུབ་ཀྱི་འདུག་ཅེས་བཤད་པ་རེད།

    རྒྱན་རིས་ཕུད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཟ་རིགས་དང་ཚལ་ཡང་ལོ་ཟོག་གི་གལ་ཆེའི་ནང་དོན་ཞིག་ཡིན། ཁ་ན་ཏའི་ཝུན་ཀེ་ཧྭ་ཐང་རེན་ཅའི་ཁྲོམ་གཞུང་གི་ཀྲུང་གོ་བའི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཞིག་གི་ནང་། ལོ་ཟོག་ཁྲོམ་གཞུང་ཆེན་པོ་ཞིག་བཙུགས་ནས། རྟ་མིག་དབྱིབས་ཀྱི་ལོ་གསར་གྱི་ཐུད་ཟས་དང་ལོ་གསར་གྱི་ཚལ་སྣེ། ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་ལག་རྟགས་སྒམ་ཆུང་སོགས་བཏོན་ནས། མི་ཚོགས་མི་འདྲ་བའི་དགོས་མཁོ་སྐོང་ཡོད་པ་རེད།

    ཤིན་ལུང་མེན་ནི་དབྱིན་ཇིའི་ལུན་ཏུན་ཝེ་སི་ཐེ་ཐང་རེན་ཅའེ་ཡི་ཀྲུང་གོ་བའི་ཟ་རིགས་ཀྱི་སྒོ་རྩིས་ཚོང་ཁང་ཞིག་ཡིན་པ་དང་། སྤྱི་གཉེར་བ་ཀྲོའུ་པོ་ཡིས། སྒོ་རྩིས་ཚོང་ཁང་གིས་དཔྱིད་གསར་དུས་ཆེན་གོང་གི་གཟའ་འཁོར་གཅིག་རིང་ལོ་གསར་གྱི་འབྲེལ་ཡོད་ཟ་རིགས་གྲ་སྒྲིག་བྱེད་ཀྱི་ཡོད་དེ། དཔེར་ན་འགྱིག་ཤོག་དམར་པོ་ཆུང་བའི་ནང་བླུགས་པའི་བྱི་རིལ་དང་དེ་བཞིན་ཅའོ་ཙི་དང་ཐང་ཡོན་སོགས་ཡིན་ཞེས་བཤད་པ་རེད།

    ལྗར་པན་གྱི་ཧེང་པིན་ཀྲུང་ཧྭ་ཁྲོམ་གཞུང་ཐོག མོག་མོག་དང་ཅའོ་ཙི་གང་ས་ནས་མཐོང་རྒྱུ་ཡོད། ཀྲུང་གོའི་ཟ་རིགས་སྒོ་རྩིས་ཚོང་ཁང་ཞིག་གི་ཚོང་པས། དཔྱིད་གསར་དུས་ཆེན་སླེབས་ཉེར་ཡོད་པས། ཁམ་བུའི་བཟོ་དབྱིབས་ཀྱི་མོག་མོག་གི་བྲིན་ཚོང་ཡག་པོ་ཡོད་པ་དང་ཉོ་མཁན་གཙོ་བོ་ཀྲུང་གོ་བ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    ཨ་ཧྥེ་རི་ཁར། ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བ་ཡང་རང་སོའི་ལོ་གསར་གྱི་མཉམ་འཛོམས་གསོལ་སྟོན་ལ་འབྲེལ་འཚུབ་ཀྱིས་ཁེངས་ཡོད་པ་རེད། ལྷོ་ཨ་ཧྥེ་རི་ཁའི་ཐང་རེན་ཁྲོམ་གཞུང་གི་མཚོ་ཟས་སོས་པའི་ཚོང་ཁང་གི་སྦྱིན་བདག་ཨུད་ཁྲུང་གིས། ལྷོ་ཨ་ཧྥེ་རི་ཁར་ཡོད་པའི་ཀྲུང་གོ་བའི་ལོ་གསར་གྱི་མཉམ་འཛོམས་གསོལ་སྟོན་ནང་མེད་དུ་མི་རུང་བའི་ཚལ་ཞིག་ཡོད་པ་ནི་ཐང་བཀོལ་རྒྱུ་ཡིན་པ་དང་ཀོང་ཏུང་གི་མིས་ཀྲུང་ལུགས་སྨན་རྫ་སྤྱད་ནས་ཕག་ཤའི་ཐང་བཀོལ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ཡིན་ནའང་ཧྥུ་ཅན་གྱི་མི་ཉ་ཤའི་ཐང་འཐུང་རྒྱུར་དགའ་པོ་ཡོད་པས། དེར་བརྟེན་འབྲེལ་ཡོད་ལོ་ཟོག་བྲིན་ཁ་རྒྱུག་པོ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཤོག་ཆག་སྤྲོད་རྒྱུ་ནི་ཀྲུང་གོ་བའི་དཔྱིད་གསར་དུས་ཆེན་རིང་ཆེས་ཡོངས་ཁྱབ་ཀྱི་ལུགས་སྲོལ་ཞིག་ཡིན། ཨ་རིའི་ཉོའུ་གཡོག་མའེ་ཧ་ཏུན་ཐང་རེན་ཁྲོམ་གཞུང་གི་ཚོང་སྒྲོམ་ཐོག རིགས་མང་བའི་ཤོག་ཆག་ལ་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད། ཤོག་ཆག་གི་རི་མོ་དམར་ཆེན་དང་གསེར་མདོག་གིས་གཙོ་བོ་བྱེད་ཀྱི་ཡོད་པ་དང་། རི་མོའི་ཉམས་འགྱུར་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་ཁྱད་ཆོས་བཟུང་འབྲེལ་བྱས་ཡོད་ཅིང་། དེའི་ནང་སྲོལ་རྒྱུན་གྱི་བཀྲ་ཤིས་སྨོན་འདུན་མཚོན་པའི་རི་མོ་མང་པོ་ཡོད་པ་རེད།

    ཁ་ན་ཏའི་ཝུན་ཀེ་ཧྭ་ཐང་རེན་ཁྲོམ་གཞུང་གི་མིང་ལ་ཀྲུའུ་ཅ་ཀྲོང་ཞེས་པའི་བཟོ་རྩལ་གྱི་ཐོན་རྫས་ཚོང་ཁང་ཞིག་གི་ནང་། འཛད་སྤྱོད་པ་ཁྲེན་མེ་ལན་གྱིས་ཤོག་ཆག་25འཁྱེར་ནས་དངུལ་སྤྲོད་སར་རྩིས་རྒྱབ་ཡོད། ཁོ་མོ་ནི་ཤང་ཀང་ནས་ཡིན་པ་དང་། ད་ལྟ་ཝུན་ཀེ་ཧའི་ས་ཁུལ་ཨ་ཕོ་ཚི་ཧྥུ་ཏེ་གྲོང་ཁྱེར་གྱི་སློབ་ཆུང་ཞིག་གི་དགེ་རྒན་ཡིན། ལོ་རེའི་དཔྱིད་གསར་དུས་ཆེན་ལ། ཁོང་གིས་སློབ་མ་ཚོར་ཀྲུང་གོའི་ལོ་གསར་གྱི་སྲོལ་རྒྱུན་རིག་གནས་ངོ་སྤྲོད་བྱེད་ཀྱི་ཡོད་པ་མ་ཟད་ལི་ཧྲི་བྱི་རིལ་བླུགས་པའི་ཤོག་ཆག་ཆུང་ངུ་སློབ་མ་400ལྷག་གི་ལག་ཏུ་བགོས་ཀྱི་ཡོད། དེར་བརྟེན། ལི་ཧྲི་བྱི་རིལ་གྱི་ཤོག་ཆག་ནི་ཁོང་གིས་ལོ་ལྟར་ཉོ་སྒྲུབ་བྱེད་པའི་ལོ་ཟོག་ཡིན་པ་རེད།

    དེ་མིན། སྨོན་འདུན་བཟང་པོ་མཚོན་པའི་ཚོང་ཟོག་ཁག་ཅིག་ལ་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད་པ་དང་། ཛ་དཀར་དང་རས་ཀྱིས་བཟོས་པའི་སེ་པན་དམར་པོའི་མཛེས་རྒྱན་ནི་ཐང་རེན་ཁྲོམ་གཞུང་གི་ཚོང་ཁང་ནང་མངོན་གསལ་དོད་པའི་ལོ་ཟོག་ཞིག་ཡིན་པ་དང་དེས་འཚོ་བ་དང་བྱ་གཞག་དར་རྒྱས་ཕུན་སུམ་ཚོགས་པའི་སྨོན་འདུན་བཟང་པོ་མཚོན་གྱི་ཡོད་པ་རེད།

    དཔྱིད་གསར་དུས་ཆེན་ནི་ཀྲུང་ཧྭ་བུ་ཕྲུག་ཐུན་མོང་གི་དུས་ཆེན་ཡིན་པ་དང་། ཁྱིམ་ཚང་དང་སྤུན་མཆེད་དང་མཉམ་འཛོམས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་པས། མི་ཚང་མས་དུས་ཆེན་དེ་རང་ཉིད་ཀྱི་སེམས་ནང་དོན་ཆེན་ཞིག་ལ་བརྩི་གི་ཡོད། ཡིན་ནའང་ལོ་ཟོག་ནི་ལྷད་མེད་བརྩེ་སེམས་མཚོན་པའི་ཞིབ་ཕྲའི་མཚོན་བྱེད་ཞིག་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག