མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཡིན་པ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-25 11:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱི་ཟླ་དང་པོའི་ཚེས་24ཉིན་གྲོས་ཚོགས་སྐོང་འཚོགས་གནང་སྟེ། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་ཞིབ་འཇུག་གཏན་འབེབས་གནང་བ་དང་། ལོ་གཅིག་རིང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་པ། གོམ་སྟབས་རྗེས་མའི་སྤྱོད་ཚུལ་ལེགས་བཅོས་ལས་དོན་ཞིབ་འཇུག་བཀོད་སྒྲིག་གནང་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད་པ་རེད།

གྲོས་ཚོགས་ཐོག ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་ནི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་གནང་རྒྱུ་དང་། ལི་ཁེ་ཆང་དང་ཀྲང་ཏེ་ཅང་གིས་ཀྲུའུ་ཞི་གཞོན་པ་གནང་རྒྱུ། གཤམ་འོག་ཏུ་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་ཁ་ཤས་གདམ་རྒྱུ་ཡིན་པ་རེད། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་ནི་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ཐད་བཀོད་ཇུས་དང་གྲོས་བསྡུར་བྱེད་པའི་མཐུན་སྦྱོར་ལས་ཁུངས་ཤིག་ཡིན་པའི་ངོས་ནས། ཀྲུང་དབྱང་ཆབ་སྲིད་ཅུས་དང་། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་རྒྱུ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་དོན་དག་ཆེ་རིགས་དང་ལས་ཀ་གལ་ཆེན་རིགས་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱ་རྒྱུ་ཡིན་པའི་གཏན་འབེབས་གནང་ཡོད་པ་རེད།

གྲོས་ཚོགས་ཐོག ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་ནས་ལོ་གཅིག་སོང་རིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རིམ་པ་བཞིན་ཆད་ལུས་མེད་པའི་ཐོག་ནས་དོན་འཁྱོལ་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་ཁས་བླངས་པ་རྣམས་དོན་འཁྱོལ་བྱས་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།

གྲོས་ཚོགས་ཐོག ས་གནས་ཁག་དང་ཚན་པ་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལས་ཀའི་སྤྱོད་ཚུལ་ལ་འགྱུར་བ་གཏོང་བའི་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གསལ་པོ་བྱས་ཏེ། སྤྱོད་ཚུལ་ལེགས་བཅོས་ཀྱི་འགག་རྩའི་དམག་འཐབ་དང་ཡུན་རིང་དམག་འཐབ་འདི་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས་པ་དང་། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཁྲིད་ཕྱོགས་བྱས་ཏེ། འདི་ལོ་གནད་དོན་བདུན་གཙོ་གནད་དུ་དམ་འཛིན་བྱེད་དགོས་པ་སྟེ། ཏང་ཡོངས་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་གོམས་སྲོལ་དར་སྤེལ་དང་། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་སྤྱོད་ཚུལ་ལེགས་བཅོས་དང་གཞི་རིམ་དུ་ཟབ་བསྐྱོད་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་ལས་ཁུངས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་གཅིག གཞུང་གི་རླངས་འཁོར་བེད་སྤྱོད་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། འགྲོ་བསྐྱོད་ཐད་རྒྱས་སྤྲོས་བྱེད་པའི་དཀའ་གནད་འདི་ཐག་གཅོད་ཧུར་ཐག་བྱེད་དགོས་པ་དང་གཉིས། མུ་མཐུད་འགོ་ཁྲིད་ལས་བྱེད་པས་གཞུང་དོན་ཁང་བཟུང་བའི་གནད་དོན་ཐག་གཅོད་བྱས་ཏེ། གཞུང་དོན་ཁང་གི་ཐོན་ཁུངས་གཞུང་དྲང་ངང་བཀོད་སྒྲིག་དང་གཅིག་བསྡུས་ཐོག་བེད་སྤྱོད་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་གསུམ། གཞུང་གསུམ་འགྲོ་གྲོན་དང་གྲོས་ཚོགས་འགྲོ་གྲོན་སོགས་ཀྱི་སྔོན་རྩིས་དོ་དམ་བྱ་རྒྱུར་དམ་འཛིན་བྱས་ཏེ། མུ་མཐུད་སྒེར་གྱི་བང་མཛོད་ལ་ཆེད་དོན་བཅོས་སྒྲིག་བྱས་ཐོག འབྱུང་རྩ་ནས་སྤྱོད་ཚུལ་ངན་པའི་མ་དངུལ་ཡོང་ཁུངས་མེད་པ་བཟོ་དགོས་པ་དང་བཞི། ཏང་སྲིད་ལས་ཁུངས་དང་གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པའི་གསོ་སྦྱོང་ལྟེ་གནས་དང་། ངལ་གསོ་ལུས་གསོ་ལྟེ་གནས་སོགས་ཀྱི་གནད་དོན་བཅོས་སྐྱོང་བྱས་ཏེ། ལས་ཁུངས་འདི་རིགས་སྤྱོད་ཚུལ་ངན་པའི་ཁྲིམས་ཀྱི་བཀག་རྒྱ་མེད་པའི་ས་ཁུལ་ལ་འགྱུར་རྒྱུར་བཀག་འགོག་བྱེད་དགོས་པ་དང་ལྔ། མུ་མཐུད་ཚོགས་པའི་རོལ་རྩེད་ཞབས་ཞུ་ལྟེ་གནས་ཀྱི་སྤྱོད་ཚུལ་ངན་པ་ལེགས་བཅོས་བྱས་ཏེ། དེ་གར་བག་མེད་ལོངས་སྤྱོད་དང་རུལ་སུངས་འབྱུང་ཁུངས་མི་ཆགས་པ་བྱེད་དགོས་པ་དང་དྲུག གཞུང་ཁོངས་ཁེ་ལས་དང་གཞུང་ཁོངས་དངུལ་རྩའི་ཁེ་ལས་ཀྱི་འགན་འཁུར་བའི་འགན་གནས་འཛད་སྤྱོད་སོགས་ཚད་ལྡན་བཟོ་རྒྱུར་ཤུགས་སྣོན་རྒྱབ་ནས་རྒྱས་སྤྲོས་འཕྲོ་བརླག་ཏུ་གཏོང་ས་མེད་པ་བྱེད་དགོས་པ་དང་བདུན་བཅས་ཡིན་པའི་ནན་བཏོན་གནང་ཡོད་པ་རེད།

གྲོས་ཚོགས་ཐོག ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་རྒྱུན་ལྡན་ཅན་དུ་འགྱུར་རྒྱུར་ལྟ་སྐུལ་ཞིབ་བཤེར་བྱེད་པའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། སྙིང་རུས་ཆེན་པོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཆད་ལུས་མེད་པའི་ཐོག་ནས་ལག་ལེན་བསྟར་ཐུབ་པའི་འགན་སྲུང་བྱེད་དགོས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དབང་གྲགས་རང་བཞིན་དང་དོ་ནན་རང་བཞིན་སྲུང་སྐྱོང་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་བྱེད་པའི་ནུས་འབྲས་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས་ཞེས་ནན་བཏོན་གནང་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག