མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-23 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས22ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་ནོར་སྲིད་ཚན་ཞིབ་ལས་གཞི་དང་མ་དངུལ་དོ་དམ་བྱེད་ཐབས་བཅོས་བསྒྱུར་བྱེད་རྒྱུ་གཏན་འཁེལ་བྱས་པར་མ་ཟད། རིག་གནས་གསར་སྐྲུན་ལ་སྐུལ་འདེད་བཏང་ནས་འཆར་འགོད་ཞབས་ཞུ་དང་འབྲེལ་ཡོད་ཐོན་ལས་མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་གཏོང་བར་བཀོད་སྒྲིག་བྱས་པ་དང་། ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་གྱི་ཆུ་མཁོ་སྤྲོད་བྱེད་པའི་དོ་དམ་སྒྲིག་གཞིའི་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་བསྟན་དོན། གསར་སྐྲུན་འཁོར་སྐྱོད་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ཏེ་ཚན་རྩལ་གསར་སྐྲུན་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སྣེ་ཁྲིད་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། དཔལ་འབྱོར་གྱི་སྤུས་ཚད་ཕན་ཡོད་སྒོས་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་ནང་རྐྱེན་སྒྲིག་གཞི་ངེས་པར་དུ་གསར་སྐྲུན་བྱས་ནས། ཚན་ཞིབ་ལས་གཞི་དང་མ་དངུལ་དོ་དམ་བྱེད་ཐབས་བཅོས་བསྒྱུར་བྱེད་དགོས། གཅིག་ནས་སྲིད་གཞུང་གི་སྣེ་ཁྲིད་རྒྱབ་སྐྱོར་དང་ཁེ་ལས་ཀྱི་རང་བདག་ནུས་པ་ཕན་ཡོད་སྒོས་ཟུང་འབྲེལ་བྱེད་དགོས། གཉིས་ནས་སྲིད་ཇུས་སྟབས་བདེ་དང་དབང་ཆ་མར་སྤྲད་ནས་གྲོས་ཞིབ་མཆན་འགོད་གོ་རིམ་སྟབས་བདེ་ཅན་དུ་གཏོང་དགོས། གསུམ་ནས་ཚན་ཞིབ་མི་སྣའི་ཧུར་བརྩོན་རང་བཞིན་སྙོམས་སྒྲིག་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། རིག་གནས་གསར་སྐྲུན་དང་འཆར་འགོད་ཞབས་ཞུར་ཆེས་མཐོ་བའི་ཤེས་བྱའི་རང་བཞིན་དང་འཕར་སྣོན་རང་བཞིན། ཆེས་དམའ་བའི་ཟད་གྲོན་དང་ཆེས་དམའ་བའི་བཙོག་བཟོ་སོགས་ཀྱི་ཁྱད་ཆོས་ལྡན། གསར་སྐྲུན་ལ་བརྟེན་ནས་རིག་གནས་གསར་སྐྲུན་དང་འཆར་འགོད་ཞབས་ཞུ་སོགས་རྣམ་པ་གསར་བའི་མཐོ་གསར་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་དང་འབྲེལ་ཡོད་ཐོན་ལས་མཉམ་འབྲེལ་བྱེད་པར་ཡར་སྐུལ་གཏོང་རྒྱུ་ནི་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། དེ་ནི་ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་ལེགས་བཅོས་བྱེད་པར་ཕན་པ་ཡོད་པ་དང་ཕྱོགས་མང་པོའི་དགོས་མཁོ་བསྐོང་ཐུབ་པར་མ་ཟད། ལས་ཞུགས་ལ་སྣེ་ཁྲིད་བྱས་ཏེ་ཐོན་ལས་རིམ་པ་སྤར་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཐུབ། གྲོས་ཚོགས་ནས་རིག་གནས་གསར་སྐྲུན་ལ་སྐུལ་འདེད་བཏང་ནས་འཆར་འགོད་ཞབས་ཞུ་དང་འབྲེལ་ཡོད་ཐོན་ལས་མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་བྱེད་ཐབས་གཏན་འཁེལ་བྱས། གཅིག གསར་སྐྲུན་ལ་ཤུགས་སྣོན་པ་དང་འཆར་འགོད་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་དགོས། གཉིས། གསར་སྐྲུན་དང་འཆར་འགོད་བྱེད་མཁན་གྱི་ཤེས་ལྡན་མི་སྣར་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱེད་དགོས། གསུམ། ཚོང་རས་སྣེ་ཁྲིད་དེ་གསར་སྐྲུན་ལ་སྐུལ་སློང་དང་འཆར་འགོད་རིགས་ཀྱི་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་དགོས། བཞི། ལྷད་མེད་དང་གྲོན་ཆུང་ཁོར་ཡུག་གི་མཛུབ་སྟོན་འབུར་དུ་ཐོན་པར་བྱས་ཏེ་ཚད་གཞི་འཐུས་ཚང་དུ་གཏོང་བ་བརྒྱུད་ནས་སྲིད་གཞུང་གི་སྣེ་ཁྲིད་ནུས་པར་ཤུགས་སྣོན་དགོས། ལྔ། འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་དངུལ་ལོར་ཞབས་ཞུ་འཐུས་ཚང་དུ་གཏོང་བ་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་བཀོལ་མ་དངུལ་བཀོལ་སྤྱོད་བཟང་བོ་བྱས་ཏེ། རིག་གནས་གསར་སྐྲུན་དང་འཆར་འགོད་ཞབས་ཞུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་གྱི་ཆུ་མཁོ་སྤྲོད་བྱེད་པའི་དོ་དམ་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། བཟོ་སྐྲུན་གལ་ཆེན་ཡོད་ཚད་ཁྲིམས་ལྟར་འཛུགས་སྐྲུན་བྱེད་དགོས་པ་མ་ཟད། དེར་ཁྲིམས་ལྟར་དོ་དམ་བྱེད་དགོས་ལ། བཟོ་སྐྲུན་ཕན་ནུས་ལྡན་པའི་སྒོ་ནས་འཁོར་སྐྱོད་བྱེད་པ་དང་ཕན་འབྲས་འདོན་པར་ཁག་ཐེག་བྱེད་དགོས་པ་དང་། འབྲེལ་ཡོད་ཀྱི་ཁྲིམས་སྲོལ་དང་ལམ་ལུགས་འཛུགས་སྐྲུན་ཡང་དེ་དང་བསྟུན་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག