མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-23 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕེན་གྱིས་ཚེས22ཉིན་གྱི་ཕྱི་དྲོར་མགོ་འཛིན་མཛད་དེ་ཀྲུང་དབྱང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་། ཁོང་གིས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་ང་ཚོར་ཕན་ཡོད་ཆ་རྐྱེན་ལྡན་ཞིང་ལག་ལེན་གྱི་རྨང་གཞི་ལྡན་པ་དང་། རིགས་གཞུང་གི་གྲ་སྒྲིག་ལྡན་ལ། སྣང་ཚུལ་བཟང་བོ་ཡང་ལྡན་པས། ཁྱོན་ཡོངས་གསལ་བོར་ཤེས་པར་བྱེད་པ་དང་གནས་བབ་ལ་ངོས་འཛིན་གང་ལེགས་བྱེད་དགོས་ལ། གཅིག་གྱུར་སྒོས་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པ་དང་ཚན་རིག་དང་མཐུན་པར་ལག་བསྟར་བྱེད་དགོས་པར་མ་ཟད། ཕྱོགས་སོ་སོའི་བརྩོན་སེམས་སྐུལ་བ་དང་བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་དམིགས་འབེན་ཕྱོགས་སུ་མདུན་དུ་བསྐྱོད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཁི་ཆང་དང་ལིག་ཡུན་ཧྲན། ཀྲང་ཀའོ་ལིས་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཀྲུང་དབྱང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་བྱ་བའི་སྒྲིག་སྲོལ་དང་ཀྲུང་དབྱང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་ཆེད་དོན་ཚན་ཆུང་གི་བྱ་བའི་སྒྲིག་སྲོལ། ཀྲུང་དབྱང་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་བྱ་བའི་སྒྲིག་སྲོལ་ཞིབ་ཕྲ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀྲུང་དབྱང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གིས་བཙུགས་པའི་དཔལ་འབྱོར་སྒྲིག་སྲོལ་དང་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་དང་དམངས་གཙོ་ཁྲིམས་ལུགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར། རིག་གནས་སྒྲིག་སྲོལ་བཅོས་སྒྱུར། སྤྱི་ཚོགས་སྒྲིག་སྲོལ་བཅོས་སྒྱུར། ཏང་གི་འཛུགས་སྐྲུན་ལམ་ལུགས་བཅོས་སྒྱུར། སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་བཅོས་སྒྱུར་བཅས་ཆེད་དོན་ཚན་ཆུང་དྲུག་གི་མིང་ཐོ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཆོད་དོན་ལག་བསྟར་དང་དངོས་འབེབས་བྱེད་པའི་བྱེད་ཐབས་གལ་ཆེན་སྐོར་གྱི་ལས་བགོས་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཚོགས་ཐོག་ནས་ད་དུང་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པའི་འཕེལ་རིམ་གནས་ཚུལ་ལ་ཉན་པ་དང་མགོ་ཁྲིད་ཚན་ཆུང་གི་ཉེ་བའི་དུས་སྐབས་ཀྱི་བྱ་བར་ཞིབ་འཇུག་བྱས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་དབྱང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་འགན་འཁྲི་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཏོན་པའི་བཅོས་སྒྱུར་དང་བྱེད་ཐབས་སྣ་ཚོགས་ས་ཆ་ཀུན་ཏུ་དངོས་འབེབས་བྱེད་རྒྱུ་དེ་ཡིན་པས། མགོ་ཁྲིད་ཚན་ཆུང་གིས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་གོ་བ་ཟབ་ལེན་དགོས་ལ། རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀྱི་ཁྱོན་ཡོངས་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཁྱོན་ཡོངས་བཅས་ལ་དམིགས་ནས་གནད་དོན་ལ་བསམ་གཞིགས་གཏོང་བ་དང་ཞིབ་འཇུག་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཆེད་དོན་ཚན་ཆུང་དང་ཀྲུང་དབྱང་བཅོས་སྒྱུར་གཞུང་སྒྲུབ་ཁང་གིས་མྱུར་དུ་བྱ་བ་སྒྲུབ་མགོ་རྩོམ་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོས་མྱུར་དུ་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་འཛུགས་དགོས་པ་དང་། འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གི་བཅོས་སྒྱུར་འགན་འཁྲིའི་ནང་རྐྱེན་ཡང་མྱུར་དུ་བཙུགས་ནས་མགོ་ཁྲིད་ཚན་ཆུང་དང་མཉམ་དུ་འབྲེལ་འདྲིས་ནང་རྐྱེན་དུ་འགྱུར་བར་བྱེད་དགོས། མགོ་ཁྲིད་ཚན་ཆུང་གིས་ཉིས་སྟོང་བཅུ་བཞི་ལོའི་བྱ་བ་གཙོ་བོར་ཞིབ་འཇུག་དང་གཏན་འཁེལ་བྱས་ཏེ། ཁྱོན་ཡོངས་གསལ་བོར་ཤེས་པར་བྱེད་པ་དང་ནན་ཏན་སྒོས་བྱ་བ་བསྒྲུབ་དགོས་ལ། འཐབ་ཇུས་ཐད་ནས་སྤོབས་པ་ཆེན་པོས་བརྩོན་ལེན་བྱེད་པ་དང་འཐབ་རྩལ་ཐད་ནས་ནན་ཏན་དང་གཟབ་ནན་ཡིན་དགོས་པར་མ་ཟད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱེད་པ་དང་། སྤྱིའི་བྱ་བའི་བསམ་ཕྱོགས་ཐད་ལ་ནུས་པ་ཆེན་པོ་འདོན་པ་དང་བསམ་བློ་གང་མང་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག