མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཡི་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-16 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའུ་ཡི་ཧྲུའུ་ཅི་ལིས་ཁི་ཆང་གིས་ཟླ་དང་པོའི་ཚེས15ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཡི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱས་པར་མ་ཟད། སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། གྲོས་ཚོགས་སྟེང་བློ་བརྟན་འགྱུར་མེད་ཀྱི་རྣམ་འགྱུར་འཛིན་པ་དང་བཅོས་བསྒྱུར་གྱི་བྱེད་ཐབས་སྤྱད་དེ་སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་མུ་མཐུད་དུ་བཟང་བོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་ཀྱི་རེ་བ་ལྟར། ད་ལོར་ཕྱོགས་དྲུག་གི་བྱ་བ་གཙོ་བོར་འཛིན་དགོས་པ་སྟེ། གཅིག་ནི་ཀྲུང་དབྱང་གི་ཆོད་དོན་བརྒྱད་པོ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་དོན་ཚན་ཁ་ཤས་མུ་མཐུད་དུ་ལག་བསྟར་ནན་མོ་བྱས་ནས། ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱེད་དགོས་པ་དང་། གཉིས་ནི་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱེད་པའི་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། གསུམ་ནི་ལྟ་ཞིབ་དང་རྩིས་བཤེར་བྱ་བར་ཤུགས་བསྣན་ཏེ། འབྲེལ་ཡོད་ལས་ཁུངས་ཀྱིས་རུལ་སུངས་ཀྱི་གནད་དོན་ལ་ཞིབ་བཤེར་བྱེད་པར་གཞོགས་འདེགས་དམ་པོ་བྱེད་དགོས། བཞི་ནི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་མར་སྤྲོད་རྒྱུ་དེ་བཅོས་བསྒྱུར་དང་སྲིད་གཙང་འཛུགས་སྐྲུན་བྱ་བ་གཙོ་བོར་བརྩིས་ཏེ་མུ་མཐུད་དུ་དམ་འཛིན་བྱེད་དགོས། ལྔ་ནི་སྲིད་དོན་ཡོངས་བསྒྲགས་བྱེད་པའི་བྱ་བ་སྔར་ལས་བཟང་བོར་སྒྲུབ་དགོས། དྲུག་ནི་སྒྲིག་ཁྲིམས་ནན་མོ་བཙུགས་ཏེ་སྲིད་གཞུང་གི་བཀའ་དུས་ཐོག་ཏུ་ལག་ལེན་དུ་བསྟར་བར་ཁག་ཐེག་བྱེད་དགོས་པས། རིམ་པ་སོ་སོའི་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་པ་དང་། བྱེད་ཐབས་ནུས་ལྡན་མིན་པ་དང་། ལག་ལེན་ཏུ་མི་བསྟར་བའི་གནས་ཚུལ་ལ་ཐག་གཅོད་ནན་མོ་བྱེད་དགོས་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་དང་ལས་ཁུངས་ཀྱི་རང་སྟེང་འཛུགས་སྐྲུན་བསམ་འཆར་གཏན་ལ་ཕབ་སྟེ། སྤྱོད་གཙང་རང་གཅུན་བྱེད་པ་དང་དམངས་ཀྱི་དོན་དུ་སྲིད་འཛིན་པའི་མིག་དཔེ་བྱེད་རྒྱུར་སྣེ་ཁྲིད་བྱེད་རྒྱུའི་ཐག་བཅད།

གྲོས་ཚོགས་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་གཉིས་པ་བསྡུ་བར་མྱུར་དུ་གྲ་སྒྲིག་བྱེད་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག