མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གསུངས་བཤད་གལ་ཆེན་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-16 10:35


ཟླ་དང་པོའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གསུངས་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས14ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གསུངས་བཤད་གལ་ཆེན་གནང་། ཁོང་གིས་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་གཅིག་གྱུར་སྒོས་མགོ་ཁྲིད་པར་ཤུགས་སྣོན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྒྲིག་སྲོལ་ནང་རྐྱེན་དང་ལམ་ལུགས་འགན་སྲུང་ལ་ཁག་ཐེག་བྱེད་དགོས་ཤིང་། བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་བསྣན་ནས་ཏང་གི་སྒྲིག་ལམ་ཇེ་དམ་དུ་གཏོང་བ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱོད་ངན་བཞི་ཡོ་བསྲང་བྱེད་དགོས་པར་མ་ཟད་རུལ་སུངས་ལ་ཆད་པ་གཅོད་པ་དང་བཅོས་སྐྱོང་བྱེད་པའི་རྣམ་པ་སྲུང་འཛིན་བྱས་ནས་ཧུར་ཐག་སྒོས་མི་དམངས་མང་ཚོགས་ཡིད་ཚིམས་པའི་གྲུབ་འབྲས་ལེན་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཀྲང་ཀའོ་ལིས་བཅས་གྲོས་ཚོགས་ལ་ཞུགས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ནས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཉིས་སྟོང་བཅུ་གསུམ་ལོར་ཏང་ཀྲུང་དབྱང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་ཧ་ཅང་མཐོང་ཆེན་བྱས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལྟར། ཏང་གི་སྒྲིག་ལམ་དང་ལྷག་པར་དུ་ཆབ་སྲིད་སྒྲིག་ལམ་གྱི་ཚོད་འཛིན་ནུས་པ་ཇེ་ཆེར་གཏོང་བ་དང་སྒྲིག་ཁྲིམས་ལག་བསྟར་ལྟ་རྟོག་ནུས་པ་ཇེ་ཆེར་གཏོང་བ། རུལ་སུངས་གྱོད་གཞི་ལ་ཞིབ་བཤེར་དང་ཐག་གཅོད་པའི་ནུས་པ་ཇེ་ཆེར་གཏོང་བ་སོགས་ཀྱི་ཕྱོགས་སུ་ནུས་པ་ཆེན་པོ་བཏོན་པས་བྱ་བའི་ཐད་ལ་ཁྱད་ཆོས་མངོན་གསལ་ཆགས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་བཅས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ཐོབ། ང་ཚོས་ཀྲུང་དབྱང་ཆབ་སྲིད་ཅུའུ་ནས་བྱ་བ་སྒྲུབ་མགོ་རྩོམ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་བྱས་པ་དང་དཔེ་སྟོན་གྱི་ནུས་པ་ཆེན་པོ་བཏོན། འབུར་ཐོན་གནད་དོན་ཐག་གཅོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དྲང་བདེན་ལ་རྒྱབ་སྐྱོར་དང་སྤྱོད་ངན་བཅོས་སྐྱོང་བྱས་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། རུལ་སུངས་གྱོད་གཞི་ལ་ཞིབ་བཤེར་དང་ཐག་གཅོད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་གོ་གནས་ཆེ་ཆུང་ལ་མི་ལྟ་བར་ཞིབ་བཤེར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པས་རུལ་སུངས་མཁན་ལ་གནོན་ཤུགས་སྟེར་བའི་རྣམ་པ་ཆགས་ཤིང་། དབང་ཆ་ཚད་ལྡན་སྒོས་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལྟ་རྟོག་ནུས་པ་ཇེ་ཆེར་བཏང་བ་དང་སྐོར་ཞིབ་བྱ་བར་ཤུགས་བསྣན་ཞིང་མི་དམངས་མང་ཚོགས་ཀྱིས་ཞུ་གཏུག་དང་ལྟ་རྟོག་བྱེད་པའི་ཐབས་ལམ་ནུས་བ་ཇེ་ཆེར་བཏང་བས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་གདེང་འཇོག་ཆེན་པོ་ཐོབ་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རུལ་སུངས་ལ་ཆད་པ་གཅོད་པ་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་རིམ་པ་མཐོ་བའི་ཇུས་གཞི་ཡིན། ཀྲུང་དབྱང་གིས་ཉིས་སྟོང་བཅུ་གསུམ་ལོ་ནས་ཉིས་སྟོང་བཅུ་བདུན་ལོའི་རུལ་སུངས་ལ་ཆད་པ་གཅོད་པ་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་བྱ་བའི་འཆར་འགོད་འགྲེམ་སྤེལ་བྱས་པ་དེ་ནི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་མཛུབ་སྟོན་རང་བཞིན་གྱི་ཡིག་ཆ་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དེ་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་བྱ་བ་སྣ་ཚོགས་ཁྲོད་དུ་ལག་བསྟར་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རུལ་སུངས་ལ་རྦད་ཆོད་སྒོས་ངོ་རྒོལ་བྱས་ནས་ཏང་གིས་དུས་ཡུན་རིང་བོར་སྲིད་འཛིན་པའི་ཆ་རྐྱེན་འོག་ཏུ་རུལ་སུངས་རྣམ་པ་འབྱུང་བར་གཏན་འགོག་བྱེད་རྒྱུ་ནི་ང་ཚོས་ངེས་པར་དུ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། རུལ་སུངས་ལ་གནོན་ཤུགས་སྟེར་བའི་རྣམ་པ་དེ་ཅིས་ཀྱང་མུ་མཐུད་དུ་སྲུང་འཛིན་བྱས་ནས་བཟོད་སྒོམ་ཅི་ཡང་མི་བྱེད་པར་རུལ་སུངས་ལ་ཆད་པ་གཅོད་པ་དང་བཅོས་སྐྱོང་ནན་མོ་བྱེད་དགོས། རུལ་སུངས་མཁན་གཅིག་བྱུང་ན་དུས་ཐོག་ཏུ་ཞིབ་བཤེར་དང་ཐག་གཅོད་བྱེད་དགོས་པ་དང་བྱ་བ་གང་ཡིན་རུང་སྔ་མོ་ནས་འཛིན་པ་དང་ཆུང་ཕྱོགས་ནས་འཛིན་དགོས་ལ། ནད་ཡོད་ན་མྱུར་དུ་སྨན་བཅོས་བྱེད་དགོས་པ་དང་གནད་དོན་རྩད་ཆོད་རྗེས་མྱུར་དུ་ཐག་གཅོད་དགོས། ལས་བྱེད་པ་རེ་རེ་ལ་སྤྱོད་གཙང་རང་གཅུན་གྱི་གནས་ལུགས་ཡིད་ལ་དམ་པོར་འཛིན་དུ་འཇུག་དགོས་པ་དང་མགོ་ཁྲིད་ལས་བྱེད་པས་རུལ་སུངས་ཀྱི་བྱ་སྤྱོད་ལ་འཛེམ་དོགས་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཐབས་ཇུས་དང་བཀོད་སྒྲིག་དེ་ཏང་གི་རྩ་འཛུགས་དང་དྲིལ་སྒྲོག འཐབ་ཕྱོགས། སྲིད་ཁྲིམས་སོགས་ལས་ཁུངས་ཀྱིས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་པ་དང་། དམངས་ཆེན་དང་སྲིད་གཞུང་། སྲིད་གྲོས། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱི་ཏང་རྩ་འཛུགས་ཀྱིས་ལག་བསྟར་དང་དངོས་འབེབས་བྱེད་དགོས་ལ། ལས་དོན་ལས་ཁུངས་དང་མི་དམངས་ཚོགས་པ་སོགས་ཀྱི་ཏང་རྩ་འཛུགས་ཀྱིས་ཀྱང་ལག་བསྟར་དང་དངོས་འབེབས་བྱེད་དགོས་པ་དང་ཏང་རྩ་འཛུགས་ཀྱིས་ནུས་པ་ཆེན་པོ་འདོན་དགོས། ཕྱོགས་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཨུ་ལ་འགན་འཁུར་དགོས་པ་དང་བྱ་བ་ཡར་ཞུ་བྱེད་དགོས་ལ། ཏང་ཨུ་ཡི་གཅིག་གྱུར་མགོ་ཁྲིད་འོག་ནུས་ཤུགས་གང་ཡོད་བཏོན་ནས་རང་རང་གི་འགན་འཁྲིའི་ཁྱབ་ཁོངས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཝང་ཆི་ཧྲན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་ལས་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ། ལོ་གཅིག་གི་རིང་ལ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་པ་དང་། ཏང་གི་མདུན་དུ་ལྷགས་པའི་གནས་བབ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པར་མ་ཟད་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་སྤྱིའི་བསམ་ཕྱོགས་དང་ལས་འགན་གཙོ་བོ་གསལ་བོར་བཏོན་ཡོད་པ་དང་། བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཏང་གི་རྩ་འཛུགས་སྒྲིག་ལམ་ཇེ་དམ་དུ་བཏང་ནས་ཏང་ཡོངས་ཀྱི་རྩ་འཛུགས་སྒྲིག་ལམ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁུར་གཙོ་བོ་དང་ལྟ་རྟོག་གི་འགན་འཁུར་དང་དུ་ལེན་དགོས་པ་དང་། ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བཟང་བོ་བྱེད་པ་དང་སྤྱོད་ངན་བཞི་ཡོ་བསྲང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། རུལ་སུངས་ལ་ཆད་པ་གཅོད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་རུལ་སུངས་ཀྱི་རྣམ་པ་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་དགོས་པར་མ་ཟད། བློ་བརྟན་འགྱུར་མེད་སྒོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། དེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་གྲོས་ཚོགས་ལ་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག