མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་པུར་ཀ་རི་ཡའི་ཙུང་ཐུང་ཕུའུ་ལེ་ཧྥུའུ་ནེ་ལིས་ཨེ་ཧྥུའུ་དང་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-14 11:20


ཟླ་དང་པོའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་པུར་ཀ་རི་ཡའི་ཙུང་ཐུང་ལའོ་སིན་ཕུའུ་ལེ་ཧྥུའུ་ནེ་ལིས་ཨེ་ཧྥུའུ་དང་གྲོས་མོལ་མཛད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕུའུ་ལེ་ཧྥུའུ་ནེ་ལིས་ཨེ་ཧྥུའུ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་གདེང་འཇོག་གང་ལེགས་མཛད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་མཉམ་ལས་ལ་ཇུས་འགོད་མཛད་པ་དང་། ཀྲུང་གོ་དང་པུར་ཀ་རི་ཡའི་བར་ཕྱོགས་ཡོངས་ཀྱི་མཛའ་མཐུན་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་ཐག་བཅད།

ཞི་ཅིན་ཕེན་གྱིས་ཙུང་ཐུང་ཕུའུ་ལེ་ཧྥུའུ་ནེ་ལིས་ཨེ་ཧྥུའུ་ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཁྱེད་ནི་ད་ལོར་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཕྱི་རྒྱལ་གྱི་མགོ་གཙོ་ཐོག་མ་ཡིན། ཐེངས་འདིའི་འཚམས་འདྲིས་ཀྲུང་གོ་དང་པུར་ཀ་རི་ཡ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ་མགོ་བརྩམས། ད་ལྟ་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འབད་འཐབ་བྱེད་བཞིན་ཡོད་ལ། པུར་ཀ་རི་ཡ་ཡིས་རྒྱལ་ཁབ་རང་གི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་པས། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་པ་དང་། ལག་གདང་སྦྲེལ་ནས་མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས། ཕྱོགས་ཡོངས་ཀྱི་མཛའ་མཐུན་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་ནི་ཕྱོགས་གཉིས་ཀྱིས་ཐོག་དང་པོར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གོ་གནས་གསལ་བོ་གཏན་ལ་ཕབ་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོ་བསྟན་པ་ཡིན་པས། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་པུར་ཀ་རི་ཡའི་འབྲེལ་བ་དུས་སྐབས་གསར་བའི་ནང་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།

ཕུའུ་ལེ་ཧྥུའུ་ནེ་ལིས་ཨེ་ཧྥུའུ་ཡིས་བཤད་རྒྱུར། པུར་ཀ་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཨེ་ཤ་ཡའི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩིས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པར་རྟེན་འབྲེལ་ཞུ་བ་དང་བསྟུན་ནས། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་བར་མགོ་ཚུགས་ས་གསར་བ་ནས་སྲོལ་རྒྱུན་མཛའ་བཤེས་ཇེ་བརྟན་དུ་གཏོང་བ་དང་། མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པར་འཐད་པ་བྱུང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག