མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ།

    2014-01-11 10:35

ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཚེས་བདུན་ཉིན་དང་ཚེས་བརྒྱད་ཉིན་གཉིས་ལ་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་ལ་ཞུགས་ནས་གསུངས་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཚེས་བདུན་ཉིན་དང་ཚེས་བརྒྱད་ཉིན་གཉིས་ལ་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་ལ་ཞུགས་ནས་གསུངས་བཤད་གལ་ཆེན་གནང་། ཁོང་གིས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཀྱི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་གཞི་རྩའི་ལས་འགན་ཏུ་བརྩི་བ་དང་། སྤྱི་ཚོགས་འདྲ་མཉམ་དང་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་སྲོག་ཤིང་རིན་ཐང་གི་རེ་སྙེག་ཏུ་བརྩི་བ། མི་དམངས་ཀྱི་བདེ་སྡོད་ལས་བརྩོན་ལ་འགན་སྲུང་བྱེད་རྒྱུ་དེ་རྩ་བའི་དམིགས་འབེན་ཏུ་བརྩིས་ཏེ། ཁྲིམས་འཛིན་ནན་མོ་དང་ཁྲིམས་འཛིན་དྲང་བདེན་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་ཧུར་ཐག་སྒོས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་སྲིད་ཁྲིམས་བྱ་བར་ཤུགས་སྣོན་དང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ནས། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་རྣམ་གཉིས་གྲོས་ཚོགས་ལ་ཞུགས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་ལངས་ཕྱོགས་གསལ་བོའི་སྒོ་ནས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་ན་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཏང་འདིས་མི་དམངས་ལ་མགོ་ཁྲིད་དེ་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གཞི་རྩའི་བྱེད་ཐབས་ལག་བསྟར་བཟང་བོ་བྱེད་དགོས་ལ། ཏང་གིས་སྲིད་ཁྲིམས་བྱ་བར་མགོ་ཁྲིད་པར་འགྱུར་བ་མེད་པ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ཏང་གིས་སྲིད་ཁྲིམས་བྱ་བར་མགོ་ཁྲིད་པར་ཤུགས་སྣོན་དང་ལེགས་བཅོས་བྱས་ནས། ཏང་གིས་སྲིད་ཁྲིམས་བྱ་བར་མགོ་ཁྲིད་པའི་ནུས་པ་དང་ཆུ་ཚད་མུ་མཐུད་ནས་ཇེ་མཐོར་གཏོང་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཏང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། ང་ཚོ་ཏང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཚང་མ་ནི་མི་དམངས་ཀྱི་རྩ་བའི་རེ་འདུན་མཚོན་བྱེད་ཡིན་པ་དང་ངོ་བོའི་སྟེང་ནས་གཅིག་འདྲ་ཡིན། ཏང་གིས་མི་དམངས་ལ་མགོ་ཁྲིད་པར་རྩ་ཁྲིམས་དང་བཅའ་ཁྲིམས་གཏན་འཁེལ་བྱས་པ་དང་མི་དམངས་ལ་མགོ་ཁྲིད་པར་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱེད་དགོས་ལ། ཏང་གིས་ཁྲིམས་འཛུགས་ལ་མགོ་ཁྲིད་དང་ཁྲིམས་སྐྱོང་ལ་ཁག་ཐེག་བྱེད་པ་དང་སྣེ་ཁྲིད་ནས་ཁྲིམས་བརྩི་སྲུང་བྱེད་དགོས། སྲིད་ཁྲིམས་བྱ་བས་རང་རྟོགས་སྒོས་ཏང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དབང་གྲགས་ལ་སྲུང་སྐྱོབ་བྱས་ནས། ཏང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དེ་གཅིག་གྱུར་དང་ཡང་དག་སྒོས་ལག་བསྟར་བྱེད་རྒྱུར་འགན་སྲུང་བྱེད་དགོས་པ་དང་། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་བཙན་དང་དྲང་བདེན་སྒོས་འགན་དབང་ལག་བསྟར་འགན་སྲུང་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་མགོ་ཁྲིད་ལས་བྱེད་པས་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ལས་ཁུངས་སོ་སོས་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་རང་བཙན་གྱིས་འགན་ཁུར་བ་དང་མཐུན་སྦྱོར་གཅིག་གྱུར་སྒོས་བྱ་བ་བསྒྲུབ་པར་རྒྱབ་སྐྱོར་བྱེད་དགོས། ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འགན་ནུས་གཏན་འཁེལ་གསལ་བོ་བྱེད་པ་དང་ཁྲིམས་སྐྱོང་བསམ་ཕྱོགས་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་སྲིད་ཁྲིམས་བྱ་བར་མགོ་ཁྲིད་ནས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཁྲོད་དུ་ནུས་པ་གལ་ཆེན་འདོན་དགོས་ཟེར།

ཞི་ཅིན་ཕེན་གྱིས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་རྒྱུ་ནི་སྲིད་ཁྲིམས་བྱ་བའི་གཞི་རྩའི་ལས་འགན་ཡིན། བརྟན་འཇགས་སྲུང་སྐྱོབ་དང་ཁེ་དབང་སྲུང་སྐྱོབ་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་། མང་ཚོགས་ཀྱིས་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་བཏོན་པའི་རེ་བ་ཐག་གཅོད་བཟང་བོ་བྱེད་དགོས་ལ། མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་ནུས་པ་ཆེན་པོ་འདོན་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། བཅའ་ཁྲིམས་ཀྱིས་འགལ་བ་ཞི་འཇགས་སུ་གཏོང་བའི་ཁྲོད་དུ་ཟིན་པའི་དབང་གྲགས་གོ་གནས་ཇེ་དྲག་ཏུ་བཏང་ནས། མང་ཚོགས་ཀྱི་ཁེ་དབང་ལ་འདྲ་མཉམ་སྒོས་ལྟ་ཚུལ་འཛིན་པ་དང་ཁེ་དབང་ལ་ནུས་ལྡན་སྲུང་སྐྱོབ་བྱས་པའི་ཚོར་སྣང་སྐྱེས་སུ་འཇུག་དགོས། གསོན་ཤུགས་དང་སྒྲིག་ལམ་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ཏེ། གོ་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་། མགོ་ཁུངས་ནས་བཅོས་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པར་མ་ཟད། སྤྱི་ཚོགས་ཡོངས་ལ་སྐུལ་སློང་བྱས་ཏེ་མཉམ་དུ་སྤྱི་ཚོགས་ཀྱི་བརྟན་འཇགས་བྱ་བར་སྲུང་སྐྱོབ་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། སྤྱི་ཚོགས་ཀྱི་འདྲ་མཉམ་དང་དྲང་བདེན་ལ་སྐུལ་འདེད་གཏོང་རྒྱུ་ནི་སྲིད་ཁྲིམས་བྱ་བའི་སྲོག་ཤིང་རིན་ཐང་གི་རེ་སྙེག་ཡིན། དོན་སྙིང་ངེས་ཅན་ཞིག་གི་ཐད་ནས་བཤད་ན། འདྲ་མཉམ་དང་དྲང་བདེན་ནི་སྲིད་ཁྲིམས་བྱ་བའི་ཚེ་སྲོག་གི་ལམ་ཐིག་ཡིན་པ་དང་། ཁྲིམས་འཛིན་ལས་ཁུངས་ནི་སྤྱི་ཚོགས་ཀྱི་དྲང་བདེན་དང་འདྲ་མཉམ་ལ་སྲུང་སྐྱོབ་བྱེད་པའི་མཇུག་མཐའི་འགོག་སྲུང་ལམ་ཐིག་ཡིན། སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་འདྲ་མཉམ་དང་དྲང་བདེན་གྱི་འདོད་བློ་བཅངས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འདྲ་མཉམ་དང་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ་དང་། མི་དམངས་མང་ཚོགས་ལ་འདྲ་མཉམ་དང་དྲང་བདེན་རང་ཉིད་ཀྱི་མདུན་དུ་ཡོད་པའི་ཚོར་སྣང་སྐྱེས་སུ་འཇུག་དགོས། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པ་ཐེབས་པའི་འབུར་ཐོན་གནད་དོན་གཙོར་བཟུང་ནས་ཐག་གཅོད་བཟང་བོ་བྱེད་པ་ལས་མང་ཚོགས་ཀྱིས་བཏོན་པའི་རེ་བར་ཁ་ཡ་མ་བྱས་ན་གཏན་ནས་མི་ཆོག་པ་དང་། མང་ཚོགས་ཕལ་བས་ཞུ་གཏུག་བྱེད་མི་ཐུབ་པར་གཏན་ནས་བྱས་མི་ཆོག་ལ། དབང་ཆར་བརྟེན་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་གཏན་ནས་སྐྱེལ་མི་ཆོག་པར་མ་ཟད་ཁྲིམས་སྲུང་ཁྲིམས་འགལ་གྱིས་ནོར་འཁྲུལ་གྱི་གྱོད་གཞི་གཏན་ནས་བཟོ་མི་ཆོག་ཟེར།

ཞི་ཅིན་ཕེན་གྱིས་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་ལ་འགན་སྲུང་བྱེད་རྒྱུ་ནི་སྲིད་ཁྲིམས་བྱ་བའི་རྩ་བའི་དམིགས་འབེན་ཡིན། སྲིད་ཁྲིམས་ལས་ཁུངས་དང་རྒྱ་ཆེའི་ཉེན་རྟོག་པས་མི་དམངས་མང་ཚོགས་ཀྱི་དོན་དག་དེ་རང་ཉིད་ཀྱི་དོན་དག་ཞིག་ཏུ་བརྩི་བ་དང་མི་དམངས་མང་ཚོགས་ཀྱི་དོན་ཆུང་དེ་རང་ཉིད་ཀྱི་དོན་ཆེན་ཞིག་ཏུ་བརྩིས་ཏེ། མི་དམངས་མང་ཚོགས་ཡིད་ཚིམས་པའི་བར་དུ་བསྒྲུབ་དགོས་པར་མ་ཟད་མི་དམངས་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ཐད་ལ་སྟོབས་དང་ལྡན་པའི་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ་དང་ནག་ཉེས་ཚབས་ཆེན་བཟོ་བའི་རྣམ་པ་གཏན་འགོག་བྱས་ནས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྦད་ཆོད་ཀྱི་ཕུགས་འདུན་འདུ་ཤེས་ནི་སྲིད་ཁྲིམས་དཔུང་སྡེ་ཡི་ཆབ་སྲིད་ཀྱི་ཉིང་བཅུད་ཡིན། ངེས་པར་དུ་ཕུགས་འདུན་འདུ་ཤེས་སློབ་གསོ་དེ་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་གྱི་གོ་གནས་དང་པོར་བཞག་སྟེ་མུ་མཐུད་དུ་དར་ཆ་མཐོན་པོར་སྒྲེང་བ་དང་ཏང་གི་བཀོད་འདོམས་ལ་ཉན་པ། འགན་འཁྲི་དང་ལེན་བྱེད་པ་བཅས་ཀྱི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཏང་གི་ལས་དོན་དང་མི་དམངས་ཀྱི་ཁེ་ཕན། རྩ་ཁྲིམས་དང་བཅའ་ཁྲིམས་བཅས་ཀུན་ལས་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཏང་ལ་བློ་དཀར་བ་དང་རྒྱལ་ཁབ་ལ་བློ་དཀར་བ། མི་དམངས་ལ་བློ་དཀར་བ། བཅའ་ཁྲིམས་ལ་བློ་དཀར་བ་བཅས་ཀྱི་ཆབ་སྲིད་རང་མདངས་བརྩི་སྲུང་ནན་མོ་བྱེད་དགོས། སྲིད་ཁྲིམས་དཔུང་སྡེ་ཡིས་དང་ལེན་བྱེད་ཕོད་པ་དང་མི་ལེགས་པའི་བྱ་སྤྱོད་ལ་དམིགས་ནས་རྦད་ཆོད་སྒོས་འཐབ་རྩོད་བྱེད་དགོས། སྒྲིག་ཁྲིམས་སློབ་གསོར་ཤུགས་སྣོན་པ་དང་སྒྲིག་ཁྲིམས་ལག་བསྟར་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་དམ་པའི་སྒྲིག་ཁྲིམས་ལ་བརྟེན་ནས་དམ་པའི་སྲིད་ཁྲིམས་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས། ཉེན་རྟོག་ལས་བྱེད་པའི་ནུས་པ་ཇེ་ཆེར་བཏང་ནས་སྲིད་ཁྲིམས་བྱ་བའི་ལས་འགན་སྣ་ཚོགས་ལག་བསྟར་བྱེད་པར་འགན་སྲུང་བྱེད་དགོས་པ་དང་། ཆེས་རྦད་ཆོད་ཀྱི་འདོད་བློ་དང་ཆེས་རྦད་ཆོད་ཀྱི་བྱ་སྤྱོད་ལ་བརྟེན་ནས་སྲིད་ཁྲིམས་ཁོངས་གཏོགས་ཀྱི་རུལ་སུངས་རྣམ་པ་གཙང་སེལ་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ནི་ཆབ་སྲིད་སྒྲིག་སྲོལ་བཅོས་སྒྱུར་གྱི་གྲུབ་ཆ་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་དོན་སྙིང་གལ་ཆེན་ཡོད། མགོ་ཁྲིད་ལ་ཤུགས་སྣོན་དང་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་དང་དངོས་གཉེར་དངོས་ཕན་བྱེད་པ་དང་། དྲང་བདེན་ནུས་ལྡན་གྱི་དབང་གྲགས་ཡོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་མྱུར་དུ་འཛུགས་སྐྲུན་བྱས་ཏེ། སྔར་ལས་བཟང་བའི་སྒོ་ནས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་སྔར་ལས་བཟང་བའི་སྒོ་ནས་རང་རྒྱལ་གྱི་ཁྲིམས་འཛིན་ལམ་ལུགས་ཀྱི་ཁྱད་ཆོས་འདོན་སྤེལ་བྱེད་པར་མ་ཟད་སྤྱི་ཚོགས་འདྲ་མཉམ་དང་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མིན་ཅན་ཀྲུའུ་ཡིས་ཉིས་སྟོང་བཅུ་བཞི་ལོའི་སྲིད་ཁྲིམས་བྱ་བ་བཟང་བོར་བསྒྲུབ་པར་བཀོད་སྒྲིག་བྱས། ཁོས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་བཅས་ཀྱི་དགོངས་དོན་དང་བྱ་བ་སྣ་ཚོགས་ཀྱི་བཀོད་སྒྲིག་བཅས་ལག་བསྟར་ནན་མོ་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་ལ་དམིགས་ནས། སྤྱི་ཚོགས་འདྲ་མཉམ་དང་དྲང་བདེན་ཡོང་བ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པར་སྐུལ་འདེད་གཏོང་བའི་སྤྱིའི་རེ་བ་གསལ་བོར་ཤེས་པར་བྱེད་པ་དང་། བརྟན་འཇགས་ཁྲོད་དུ་བརྩོན་ལེན་བྱེད་པ་དང་བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས་བྱེད་དགོས་ལ། སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་སྐྲུན་དང་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་གཏོང་ཟབ་ཏུ་སྤེལ་ཞིང་ཚན་རྩལ་ཆ་འཕྲིན་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། སྲིད་ཁྲིམས་དྲིལ་སྒྲོག་གླེང་ཕྱོགས་བྱ་བ་ལེགས་སྒྱུར་བྱེད་པ་བཅས་གཙོ་བོར་བཟུང་སྟེ་བདེ་འཇགས་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ། སྟོབས་ལྡན་དཔུང་སྡེ་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་སྲིད་ཁྲིམས་བྱ་བ་དེང་རབས་ཅན་དུ་བསྒྱུར་བའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག