མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅིན་གོ་ལྷ་ཁང་ལ་མཇལ་བའི་ཐད་ནས་གཏམ་བཤད་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-29 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བས་ཚེས27ཉིན་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅིན་གོ་ལྷ་ཁང་ལ་མཇལ་བར་གླེང་མོལ་བྱས།

འགན་ཁུར་མི་སྣས་བཤད་རྒྱུར། ང་ཚོས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ཅིན་གོ་ལྷ་ཁང་ལ་མཇལ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་ཡིན་ལ། འཛམ་གླིང་གི་ཞི་བདེ་དང་མི་རིགས་ཀྱི་རྒྱུ་འབྲས་བློ་མིག་ལ་གནོད་པའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ་ཡིན་ཟེར།

འགན་ཁུར་མི་སྣས་བསྟན་དོན། ཅིན་གོ་ལྷ་ཁང་ནི་འཛམ་གླིང་སྟེང་གི་ཆེས་གཏམ་ངན་སྐད་ཀྱིས་ཆོད་པ་ཞིག་ཡིན་པར་མ་ཟད། འཛམ་གླིང་འཁྲུག་ཆེན་གཉིས་པའི་ཁྲོད་ཀྲུང་གོ་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་གནམ་སར་མི་ཤོང་བའི་ཉེས་པ་བསྐྲུན་ཡོད། འཇར་པན་སྲིད་གཞུང་གིས་ཀྲུང་གོ་སོགས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ངོ་རྒོལ་མཐའ་འཁྱོལ་བྱས་པར་མ་བལྟས་པར། འཇར་པན་དམག་རྒྱལ་རིང་ལུགས་ཀྱིས་ཅིན་གོ་ལྷ་ཁང་ལ་མཇལ་དོན་ནི་འཇར་པན་དམག་རྒྱལ་རིང་ལུགས་ཀྱི་དམག་འཁྲུག་གི་ནག་ཉེས་ཁས་ལེན་མ་བྱས་པ་དང་གཅིག་འདྲ་ཡིན་ལ། དམག་འཁྲུག་བརྒྱབ་རྗེས་ཀྱི་འཛམ་གླིང་ཞི་བདེ་ལ་འགྲན་སློང་འདོད་པས་རེད། འཇར་པན་གྱིས་སྤྱི་ལོ་གཅིག་དགུ་སོ་གཅིག་ལོ་ནས་གཅིག་དགུ་ཞེ་ལྔ་ལོའི་བར་དུ་ཀྲུང་གོར་བཙན་འཛུལ་བྱས་པའི་དམག་འཁྲུག་ཁྲོད། ཀྲུང་གོའི་ཁྱིམ་ཚང་ཁྲི་མ་འབུམ་གྱི་གཉེན་ཉེ་དུ་མང་པོ་བསད་པ་མ་ཟད། འཇིག་རྟེན་དཀར་ངོགས་ན་གསོན་པའི་མི་རྣམས་ལ་བློས་དཔག་པར་དཀའ་བའི་སྡུག་བསྔལ་བཟོས། དེ་བས་ནག་ཉེས་འདི་ལོ་རྒྱུས་ཀྱིས་བརྗེད་མི་སྲིད་ལ། ཀྲུང་གོ་མི་དམངས་ཀྱིས་དམག་འཁྲུག་གིས་བཟོས་པའི་ནག་ཉེས་དང་ཞོར་འབྲེལ་གྱི་གཏམ་གླེང་དང་བསམ་སྦྱོར་ལ་བཟོད་སྒོམ་གཏན་ནས་བྱེད་མི་སྲིད་ཟེར།

འགན་ཁུར་མི་སྣ་དེས་བཤད་རྒྱུར། དུས་རབས་ཉེར་གཅིག་པའི་འཛམ་གླིང་ནི་རྒྱལ་ཁབ་རེ་འགས་བདག་འཛིན་བྱས་ཆོག་པ་ཞིག་གཏན་ནས་མ་ཡིན་པར་མ་ཟད། དུས་རབས་ཉེར་གཅིག་པའི་ཀྲུང་གོ་ཡང་དེ་དང་ཆ་འདྲ་བར་ནུས་མེད་གཉོམ་ཆུང་ཞིག་གཏན་ནས་མིན། ཀྲུང་གོ་མི་དམངས་ལ་འགྱུར་མེད་ཆོད་སེམས་དང་གཞོམ་མེད་ཀྱི་སྟོབས་ཤུགས་ཡོད་ལ། ཨེ་ཤ་ཡ་དང་འཛམ་གླིང་མི་དམངས་ཀྱི་བདེ་སྡུག་དང་ལས་དབང་གཅིག་མཚུངས་ཡིན་པས། མཉམ་དུ་རང་རང་གི་ས་གནས་སྲུང་བ་དང་ཞི་བདེ་བརྟན་བརླིང་ཡོང་བར་འབད་འབུངས་བྱས་ནས། འདས་ཟིན་པའི་ལོ་རྒྱུས་ཀྱི་སྐྱོ་གར་ཡང་བསྐྱར་འཁྲབ་མི་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག