མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-26 11:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས25ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། མ་མཐའི་འཚོ་བའི་འགན་སྲུང་སྲིད་ཇུས་དངོས་འབེབས་བྱས་པར་ལྟ་རྟོག་ཞིབ་བཤེར་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། མ་མཐའི་འཚོ་བ་འགན་སྲུང་བྱ་བ་སྔར་ལས་བཟང་བོར་སྒྲུབ་པར་བཀོད་སྒྲིག་བྱས་པར་མ་ཟད་སྤྱི་ཚོགས་རོགས་སྐྱོབ་གནས་སྐབས་ལག་བསྟར་བྱེད་ཐབས་འཆར་ཟིན་ཐད་ནས་སྤྱི་ཚོགས་ཡོངས་ལ་བསམ་འཆར་བསྡུ་ལེན་བྱེད་རྒྱུའི་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་ཀྱིས་མུ་མཐུད་དུ་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་བ་དེས་ཉེན་སེལ་རོགས་སྐྱོབ་བྱ་བའི་ཐད་ལ་ནུས་པ་གལ་ཆེན་བཏོན་པ་དང་། དཀའ་ཁག་ཆེ་བའི་མང་ཚོགས་བྱེ་བ་བདུན་དང་ས་ཡ་བཞི་ལྷག་གི་གཞི་རྩའི་འཚོ་བ་འགན་སྲུང་བྱས། ཡིན་ནའང་ལྟ་རྟོག་ཞིབ་བཤེར་བྱེད་སྐབས་ས་གནས་ཁ་ཤས་སུ་མ་དངུལ་དངོས་འབེབས་བྱས་པ་མི་བཟང་བ་དང་དོ་དམ་དེ་འདྲ་ཚད་ལྡན་མིན་པ། ཆ་ཚང་སྲིད་ཇུས་འཐུས་ཚང་མིན་པ་སོགས་ཀྱི་གནད་དོན་གནས་ཡོད་པས། མ་མཐའི་འཚོ་བ་འགན་སྲུང་བྱེད་པའི་སྲིད་ཇུས་ཀྱིས་ནུས་པ་གལ་ཆེན་འདོན་པར་ཤུགས་རྐྱེན་ཐེབས་ཟེར།

ཚོགས་ཐོག་ནས་བསྟན་དོན། བཅོས་སྒྱུར་གསར་སྐྲུན་གྱི་སྙིང་སྟོབས་ལ་བརྟེན་་ཏེ་དམིགས་ཡུལ་ཡོད་པའི་སྒོ་ནས་སྒྲིག་སྲོལ་ནང་རྐྱེན་ཆ་ཚང་དུ་གཏོང་བ་དང་། མ་མཐའི་འཚོ་བ་འགན་སྲུང་བྱེད་པའི་བྱ་བར་ཤུགས་བསྣན་ནས། ཧུར་ཐག་སྒོས་དཀའ་ཁག་ཆེ་བའི་མང་ཚོགས་རྣམས་འཚོ་བཞེས་ལ་བརྩི་མཐོང་དང་འཚོ་ཇུས་ལ་འགན་སྲུང་། འཚོ་བ་ལ་རེ་སྨོན་བཅས་ཡོད་པར་བྱེད་དགོས། གཅིག་ནས་སྲིད་ཇུས་དངོས་འབེབས་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་། གཉིས་ནས་ཆ་འཕྲིན་མངོན་གསལ་བྱེད་པར་ཤུགས་སྣོན་དགོས་ལ། གསུམ་ནས་ལམ་ལུགས་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་སྤྱི་ཚོགས་རོགས་སྐྱོབ་གནས་སྐབས་ལག་བསྟར་བྱེད་ཐབས་འཆར་ཟིན་ལ་གྲོས་ཞིབ་བྱས་པར་མ་ཟད། སྤྱི་ཚོགས་ཡོངས་ནས་བསམ་འཆར་བསྡུ་ལེན་བྱེད་རྒྱུའི་ཐག་བཅད།

ཚོགས་ཐོག་ནས་ད་དུང་ཉིས་སྟོང་བཅུ་གསུམ་ལོའི་རྒྱལ་ཁབ་ཚན་རྩལ་བྱ་དགའི་དཔྱད་ཞིབ་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། བྱ་དགའ་སྟེར་བའི་འདེམ་སྒུག་པ་དང་བྱ་དགའི་རིགས་དང་རིམ་པར་ཆོག་མཆན་བཀོད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག