མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་གིས«2013ལོ་ནས2017ལོའི་བར་གྱི་རུལ་སུངས་སྔོན་འགོག་དང་ཆད་གཅོད་མ་ལག་འཛུགས་སྐྲུན་དང་དེ་འཐུས་ཚང་དུ་གཏོང་བའི་བྱ་བའི་འཆར་འགོད»དཔར་ནས་བཀྲམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-26 11:26

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས«2013ལོ་ནས2017ལོའི་བར་གྱི་རུལ་སུངས་སྔོན་འགོག་དང་ཆད་གཅོད་མ་ལག་འཛུགས་སྐྲུན་དང་དེ་འཐུས་ཚང་དུ་གཏོང་བའི་བྱ་བའི་འཆར་འགོད»དཔར་ནས་བཀྲམས་པར་མ་ཟད། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་དེ་ལག་བསྟར་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་བཀོད་དོན། རུལ་སུངས་སྔོན་འགོག་དང་ཆད་གཅོད་མ་ལག་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གལ་ཆེན་ཡིན་ལ། ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་གཙོ་བོ་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡང་ཡིན་པས། ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཐད་ལ་དོན་སྙིང་གལ་ཆེན་ལྡན་ཟེར།

«བྱ་བའི་འཆར་འགོད»ནི་ཕྱིན་ཆད་ལོ་ལྔའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མཛུབ་སྟོན་བྱེད་པའི་གཞི་འཛིན་ས་གལ་ཆེན་རེད། བརྡ་ཐོའི་ནང་རིམ་པ་སོ་སོའི་ཏང་ཨུས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་བློ་མཐུན་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། «བྱ་བའི་འཆར་འགོད»འགྲེམ་སྤེལ་དང་ལག་བསྟར་བྱེད་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གལ་ལེགས་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པའི་འགན་འཁྲི་གཙོ་བོ་འཁུར་དགོས་པར་མ་ཟད། བྱ་བའི་འཆར་འགོད་ཉིན་ཐོའི་གྲོས་རིམ་ནང་དུ་བཞག་སྟེ། ལག་བསྟར་བྱེད་པར་རྩ་འཛུགས་བཟང་བོ་བྱེད་དགོས་ལ། དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་འཛུགས་སྐྲུན་བཅས་ཀྱི་བྱ་བ་དང་མཉམ་དུ་བཀོད་སྒྲིག་དང་མཉམ་དུ་དངོས་འབེབ། མཉམ་དུ་ཞིབ་བཤེར་བཅས་བྱེད་དགོས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་བྱ་བའི་འཆར་འགོད་ལག་བསྟར་བྱེད་པའི་བྱེད་ཐབས་གཏན་འཁེལ་བྱེད་དགོས་པ་དང་། ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག