མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ཞིང་སྡེའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-25 11:38


ཟླ12པའི་ཚེས23ཉིན་ནས་ཚེས24ཉིན་བར་ཀྲུང་དབྱང་ཞིང་སྡེའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་སྟེང་གསུངས་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་ཞིང་སྡེའི་བྱ་བའི་གྲོས་ཚོགས་ཟླ12པའི་ཚེས23ཉིན་ནས་ཚེས24ཉིན་བར་པེ་ཅིན་ནས་བསྡུས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་གྲོས་ཚོགས་སུ་ཞུགས།

ཞི་ཅིན་ཕེན་གྱིས་གྲོས་ཚོགས་སྟེང་གསུངས་བཤད་གལ་ཆེན་གནང་སྟེ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་གཞིར་བཟུང་ནས། ཞིང་སྡེའི་བཅོས་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཁ་ཕྱོགས་རང་བཞིན་དང་འཐབ་ཇུས་རང་བཞིན་ལྡན་པའི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་ཟབ་མོ་བྱས་པ་དང་མཉམ་དུ་རེ་བ་གསལ་བོ་བཏོན། ལིས་ཁི་ཆང་གིས་གསུང་བཤད་གནང་སྐབས་ཞིང་ལས་དང་ཞིང་སྡེའི་བྱ་བའི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་མཛད་པར་མ་ཟད། བཅོས་བསྒྱུར་གསར་བསྐྲུན་བྱེད་པར་བརྟེན་ནས་ཞིང་ལས་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་གི་ཞིང་གསུམ་བྱ་བའི་འགན་འཁྲི་སྔར་ལས་ལག་བསྟར་བཟང་བོ་བྱེད་པ་སོགས་ལས་འགན་གཙོ་བོར་བཀོད་སྒྲིག་ཞིབ་མོ་བྱས།

གྲོས་ཚོགས་སྟེང་བསྟན་དོན། ཐེངས་འདིའི་ཀྲུང་དབྱང་ཞིང་སྡེའི་བྱ་བའི་གྲོས་ཚོགས་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་ཀྲུང་དབྱང་གིས་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་རེད། དུས་རབས་གསར་བར་བསླེབས་པའི་ཚུན་ལ། ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཞིང་གསུམ་སྐོར་གྱི་སྲིད་ཇུས་ཕན་འབྲས་ལྡན་པའི་ངང་ལག་བསྟར་བྱས་པར་མ་ཟད། དེར་མི་དམངས་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད་ལ། ཞིང་བའི་བརྩོན་སེམས་ནུས་ཡོད་སྒོས་སྐུལ་སློང་བྱས་ཏེ། ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ལ་ནུས་ཡོད་སྒོས་སྐུལ་འདེད་བཏང་།

རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་པའི་སྐོར་ནས་གྲོས་ཚོགས་སྟེང་བསྟན་དོན། རང་རྒྱལ་ནི་མི་གྲངས་མང་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ། ཁ་རྒྱབ་ཀྱི་གནད་དོན་ཐག་གཅོད་བཟང་བོ་བྱེད་རྒྱུ་དེ་ནི་ནམ་ཡང་རྒྱལ་སྐྱོང་སྲིད་འཛིན་གྱི་དོན་དག་གལ་ཆེན་ཞིག་ཡིན་པས། རང་ཉིད་གཙོར་འཛིན་པ་དང་རྒྱལ་ནང་གི་གནས་ཚུལ་ལ་རྐང་འཛུགས་པ། ཐོན་ནུས་ལ་ཁག་ཐེག་བྱེད་པ། ནང་འདྲེན་འོས་འཚམ་བྱེད་པ། ཚན་རྩལ་རྒྱབ་རྟེན་བྱེད་པ་བཅས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་རྒྱུན་འཁྱོངས་བྱེད་དགོས་ཟེར།

ཞིང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་ནས་གྲོས་ཚོགས་སྟེང་བསྟན་དོན། ཏང་གི་ཞིང་སྡེའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་དགོས་ན། ཐོག་མར་ཞིང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས། ཞིང་སྡེའི་ས་ཞིང་ཞིང་བ་ཐུན་མོང་ལ་དབང་བ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ནི་ཞིང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་རྒྱུན་འཁྱོངས་བྱེད་པའི་ཕྱོགས་གཙོ་བོ་ཡིན་པས། ཁྱིམ་ཚང་བདག་གཉེར་གྱི་རྨང་གཞི་རང་བཞིན་གྱི་གོ་གནས་རྒྱུན་འཁྱོངས་བྱས་ནས། ཞིང་སྡེའི་ཐུན་མོང་གི་ས་ཞིང་དེ་ཐུན་མོང་གི་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་ཡིན་པའི་ཞིང་བའི་ཁྱིམ་ཚང་གིས་འགན་གཙང་ལེན་བྱེད་དགོས་པ་ལས། ཚོགས་པ་གཞན་གང་རུང་གིས་ཞིང་བའི་ཁྱིམ་ཚང་གི་ཚབ་ཏུ་ས་ཞིང་འགན་གཙང་ལེན་བྱེད་པའི་གོ་གནས་ལེན་མི་རུང་བ་དང་། འགན་གཙང་ལེན་གྱི་བདག་གཉེར་དབང་ཆར་ཇི་ལྟར་འགྱུར་ལྡོག་བྱུང་ནའང་། ཐུང་མོང་གི་ས་ཞིང་འགན་གཙང་ལེན་བྱེད་པའི་དབང་ཆ་དེ་ཞིང་བ་ཁྱིམ་ཚང་ལ་དབང་བ་ཡིན་ཟེར།

ཞིང་སྡེའི་ཐོན་རྫས་ཀྱི་སྤུས་ཚད་དང་ཟས་རིགས་ཀྱི་བདེ་འཇགས་སྐོར་ནས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། མི་དམངས་མང་ཚོགས་ལ་བདེ་འཇགས་ཀྱི་ཟས་རིགས་འདོན་སྤྲོད་བྱེད་རྒྱུ་ནི་ང་ཚོའི་སྲིད་འཛིན་ནུས་པའི་ཉམས་སད་གལ་ཆེན་ཞིག་ཡིན། ཟས་རིགས་བདེ་འཇགས་ཀྱི་མགོ་ཁུངས་ཞིང་ལས་ཐོན་རྫས་ལ་རག་ལས་ཡོད་པ་དང་། རྨང་གཞི་ཞིང་ལས་ལ་རག་ལས་ཡོད་པས། ངེས་པར་དུ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དམ་འཛིན་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཟས་རིགས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར།

སུ་ཞིག་གིས་ཞིང་འདེབས་པའི་སྐོར་ནས་གྲོས་ཚོགས་སྟེང་བསྟན་དོན། ཞིང་བ་ཕྱུག་པོར་བསྒྱུར་བ་དང་། ཞིང་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། ཞིང་བར་རོགས་སྐྱོར་བྱེད་པ་བཅས་བྱས་ནས། ཞིང་ལས་བདག་གཉེར་བྱེད་པར་ཕན་འབྲས་ལྡན་པ་དང་། ཞིང་ལས་མདུན་ལྗོངས་ཡོད་པའི་ཐོན་ལས་སུ་བསྒྱུར་བ། ཞིང་བ་ངོ་ཡོད་པའི་ལས་རིགས་ཤིག་ཏུ་བསྒྱུར་བ། ཞིང་སྡེ་བདེ་སྡོད་ལས་བརྩོན་གྱི་ཁྱིམ་གཞིས་བཟང་བོ་ཞིག་ཏུ་བསྒྱུར་དགོས་པར་མ་ཟད། ཞིང་བའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། རྣམ་པ་གསར་བའི་ཞིང་བའི་དཔུང་སྡེ་ཧུར་ཐག་སྒོས་སྐྱེད་སྲིང་བྱེད་དགོས་ཟེར།

ཞིང་སྡེའི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་པའི་སྐོར་ནས་གྲོས་ཚོགས་སྟེང་བསྟན་དོན། ཞིང་སྡེའི་དམངས་འཚོར་ཁག་ཐེག་དང་ལེགས་བཅོས་བྱེད་པ་གཙོ་བོར་བཟུང་སྟེ། མ་ལག་བཅོས་སྐྱོང་དང་ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། མགོ་ཁུངས་ནས་བཅོས་སྐྱོང་བཅས་བྱེད་པའི་འདུ་ཤེས་བཅངས་ནས། རྒྱ་ཆེའི་ཞིང་བས་བདེ་སྡོད་ལས་བརྩོན་བྱེད་པ་དང་། ཞིང་སྡེའི་སྤྱི་ཚོགས་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་པར་མ་ཟད། ཞིང་སྡེའི་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ་དང་། ཞིང་སྡེ་བཅོས་སྐྱོང་བྱེད་པའི་ལམ་ལུགས་མྱུར་དུ་འཐུས་ཚང་དུ་གཏོང་དགོས་ཟེར།

གྲོས་ཚོགས་སྟེང་བསྟན་དོན། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུ་གཙོ་བོར་བཟུང་སྟེ། ཐོན་སྐྱེད་ལག་རྩལ་སྔོན་ཐོན་ཡིན་པ་དང་། བདག་གཉེར་གྱི་གཞི་ཁྱོན་འོས་འཚམ་ཡིན་པ། ཚོང་རའི་འགྲན་རྩོད་ནུས་པ་དྲག་པོ་ལྡན་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་བཅས་ཀྲུང་གོའི་ཁྱད་ཆོས་ཀྱི་རྣམ་པ་གསར་བའི་ཞིང་ལས་དེང་རབས་ཅན་གྱི་བགྲོད་ལམ་ཞིག་ཧུར་ཐག་སྒོས་གསར་གཏོད་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་གིས་ཞིང་སྡེའི་བྱ་བར་དོ་དམ་བྱེད་རྒྱུ་ནི་ང་ཚོའི་སྲོལ་རྒྱུན་ཡིན་པས། རིམ་པ་སོ་སོའི་ཏང་ཨུས་ཞིང་གསུམ་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཞིང་གསུམ་བྱ་བར་མཐོང་ཆེན་བྱེད་དགོས་པར་མ་ཟད། དུས་རྒྱུན་དུ་ཞིང་སྡེ་དང་ཞིང་བ་ཁྱིམ་ཚང་དུ་སོང་ནས། མང་ཚོགས་ཀྱི་རེ་བར་རྒྱུས་ལོན་བྱེད་པ་དང་། ཞིང་བའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དོན་དངོས་ཀྱི་གནད་དོན་ཐག་གཅོད་རོགས་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས། མཐུན་སྒྲིལ་གཅིག་གྱུར་བྱེད་པ་དང་བྱ་བ་བཟང་བོར་སྒྲུབ་དགོས་པར་མ་ཟད། བཅོས་བསྒྱུར་གསར་བསྐྲུན་བྱེད་པ་དང་། དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ཏེ། ཐེངས་འདིའི་གྲོས་ཚོགས་ཀྱི་བཀོད་སྒྲིག་སྣ་ཚོགས་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། ཞིང་ལས་དང་ཞིང་སྡེའི་བྱ་བའི་རྣམ་པ་གསར་བ་ཧུར་ཐག་སྒོས་གསར་གཏོད་བྱེད་དགོས་པའི་རེ་བ་བཏོན།

གྲོས་ཚོགས་སྟེང་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་སྡེའི་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ཏེ། ཞིང་ལས་དེང་རབས་ཅན་དུ་བསྒྱུར་བར་མྱུར་དུ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་རབ་དང་རིམ་པའི་གྲོས་བསྡུར་མ་ཡིག་ལ་གྲོས་བསྡུར་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག