མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་གི་གྲོང་རྡལ་ཅན་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  2013-12-25 11:13

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་གི་གྲོང་རྡལ་ཅན་བྱ་བའི་གྲོས་ཚོགས་ཟླ12པའི་ཚེས12ཉིན་ནས་ཚེས13ཉིན་བར་པེ་ཅིན་དུ་བསྡུས།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུན་ལི་ལིས་ཁི་ཆིང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལིའུ་ཡུན་ཧྲན།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུན་ལི་གཞོན་པ་ཀྲང་ཀའོ་ལི་བཅས་གྲོས་ཚོགས་ནང་ཞུགས།

    ཞི་ཅིན་ཕེན་གྱིས་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་སྟེ། གྲོང་རྡལ་ཅན་འཕེལ་རྒྱས་ཀྱི་གནས་བབ་ལ་དབྱེ་ཞིབ་མཛད་པ་དང་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་བློ་དང་དམིགས་འབེན་གལ་ཆེན།གཞི་རྩའི་རྩ་དོན།ལས་འགན་གཙོ་བོ་བཅས་གསལ་བོར་བཏོན།ལིས་ཁི་ཆིང་གིས་གསུང་བཤད་ནང་མིག་སྔར་གྲོང་རྡལ་ཅན་གྱི་བྱ་བའི་གནད་ཆེ་ས་རྒྱས་བཤད་མཛད་ཅིང་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་དངོས་བཏོན་པར་མ་ཟད།ཕྱོགས་སྡོམ་གྱི་གསུང་བཤད་གནང་།

    གྲོས་ཚོགས་སྟེང་བསྟན་དོན། གྲོང་རྡལ་ཅན་ནི་དེང་རབས་ཅན་དུ་སྐྱོད་པའི་བགྲོད་ལམ་ཉག་གཅིག་ཡིན།གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བ་ནི་ཞིང་ལས་དང་ཞིང་སྡེ། ཞིང་པ་བཅས་གསུམ་གྱི་གནད་དོན་ཐག་གཅོད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དང་།ས་ཁོངས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ལྡན་པའི་འདེགས་སྐྱོར་ཡིན་ལ། ནང་མཁོ་རྒྱ་བསྐྱེད་དུ་གཏོང་བ་དང་ཐོན་ལས་རིམ་འཕར་ལ་སྐུལ་འདེད་གཏོང་བའི་འཛིན་ལུང་གལ་ཆེན་ཞིག་ཀྱང་ཡིན་པས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ལ་མྱུར་དུ་སྐུལ་འདེད་གཏོང་བའི་ཐད་དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན།བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་དུ།རང་རྒྱལ་གྱི་གྲོང་རྡལ་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གྱུར་བ་དང་འཕེལ་ཚད་མངོན་གསལ་ཐོབ་ཅིང་། 2012ལོར་གྲོང་རྡལ་གྱི་མི་འབོར་དུང་ཕྱུར7.1ཏུ་བསླེབས་པ་དང་གྲོང་རྡལ་ཅན་དུ་གྱུར་ཚད་ཕལ་ཆེར་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་དུ་བསླེབས་ཡོད།

    གྲོས་ཚོགས་ལས་བལྟས་ན།མི་འབོར་དུང་ཕྱུར13ཡོད་པའི་རང་རེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་གྲོང་རྡལ་ཅན་མངོན་འགྱུར་བྱེད་པ་དེ་ནི་མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་སྔོན་དཔེ་མེད་པ་ཞིག་རེད།གྲོང་རྡལ་ཅན་གྱི་དམིགས་འབེན་ཡང་དག་པ་དང་ཁ་ཕྱོགས་ཡང་དག་པས།བགྲོད་ལམ་གསར་བ་ཞིག་བཏོད་ན།ནང་མཁོའི་སྦས་ཤུགས་ཆེ་བ་སྔོག་འདོན་དང་།ངལ་རྩོལ་ཐོན་སྐྱེད་ནུས་ཤུགས་ཇེ་མཐོར་གཏོང་བ།གྲོང་ཁྱེར་དང་གྲོང་གསེབ་རྒྱུ་གཉིས་ཀྱི་གྲུབ་ཚུལ་གྲོལ་བ།སྤྱི་ཚོགས་གཞུང་དྲང་དང་མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་སྤེལ་གཏོང་བ་བཅས་ལ་ཕན་ཁེ་ལྡན་པར་མ་ཟད།འཛམ་གླིང་གི་དཔལ་འབྱོར་དང་སྐྱེ་ཁམས་ཁོར་ཡུག་ལའང་དེའི་ཁྲོད་ནས་ཕན་ཐོགས་སྲིད་པ་རེད་སྙམ།

    གྲོས་ཚོགས་སྟེང་བླང་བྱ་བཏོན་དོན།གྲོང་རྡལ་ཅན་ནི་རང་བྱུང་ལོ་རྒྱུས་ཀྱི་གོ་རིམ་ཞིག་ཡིན་ལ།རང་རྒྱལ་གོང་དུ་འཕེལ་བའི་ཁྲོད་འཕྲེད་སྲིད་པའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་གོ་རིམ་ཡང་ཡིན། གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་དགོས་ན་ངེས་པར་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལས་བརྩམས་ཏེ། ཆོས་ཉིད་ལ་བརྩི་སྲུང་དང་བབ་བསྟུན་སྣེ་ཁྲིད་བྱས་ཏེ།གྲོང་རྡལ་ཅན་དེ་ཆོས་ཉིད་དང་མཐུན་པའི་འཕེལ་རྒྱས་གོ་རིམ་དུ་བསྒྱུར་དགོས།གྲོང་རྡལ་ཅན་གྱི་དམིགས་འབེན་གཏན་འབེབས་བྱེད་དགོས་ན།ངེས་པར་དངོས་ཐོག་བདེན་འཚོལ་དང་ལག་ལེན་དུ་འཁྱོལ་ཐུབ་པ་བྱེད་པ་ལས།སྲིད་འཛིན་གྱི་བཀའ་འབེབས་ལ་བརྟེན་ནས་རིམ་པ་རེ་རེ་བཞིན་རིམ་པར་རིམ་སྣོན་དང་རིམ་པ་རེ་རེ་བཞིན་དཔྱད་ཞིབ་བྱེད་མི་ཆོག ཐ་ན་མྱུར་དུ་ལེགས་འགྲུབ་ཡོང་རེ་བྱེད་མི་ཆོག་ལ་མྱུ་གུ་འཐེན་ནས་སྐྱེ་རོགས་ཀྱང་བྱེད་མི་ཆོག གྲོང་རྡལ་ཅན་ལ་སྐུལ་འདེད་བྱེད་ཤུགས་ཆེ་དགོས་ལ།བརྟན་བརླིང་ཡོང་ཞིང་སྔར་བས་ཏན་ཏིག་ཡིན་པ་དང་ཁ་ཕྱོགས་གསལ་ཞིང་གོམ་འགྲོས་བརྟན་པ།བྱེད་ཐབས་དངོས་སྤྱོད་པ་བཅས་བྱ་དགོས།

    གྲོས་ཚོགས་སྟེང་བླང་བྱ་བཏོན་དོན།གྲོང་རྡལ་ཅན་གྱི་འཕེལ་རྒྱས་སྤུས་ཀ་ཇེ་མཐོར་གཏོང་བར་དམ་པོར་དམིགས་ནས།བརྟན་པོའི་ངང་ཁྱིམ་ཐོ་མི་འབོར་གྱི་གྲོང་རྡལ་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། གྲོང་རྡལ་གྱི་ས་ཞིང་བེད་སྤྱོད་པའི་ཚད་དང་གྲོང་རྡལ་འཛུགས་སྐྲུན་ས་ཁུལ་གྱི་མི་འབོར་ཐེག་ཚད་ཤུགས་ཆེན་པོས་ཇེ་མཐོར་གཏོང་དགོས།ནུས་ཁུངས་བེད་སྤྱོད་པའི་ཚད་དངོས་གནས་ཇེ་མཐོར་གཏོང་བ་དང་ནུས་ཁུངས་ཟད་གྲོན་དང་དབྱང་གཉིས་ཐན་འགྱུར་གྱི་འབུད་ཚད་ཇེ་དམའ་རུ་གཏོང་དགོས།སྐྱེ་ཁམས་བདེ་འཇགས་ལ་མཐོང་ཆེན་དང་ནགས་ཚལ་དང་མཚེའུ།རློན་ས་སོགས་ལྗང་མདོག་སྐྱེ་ཁམས་བར་སྣང་གི་བསྡུར་ཚད་རྒྱ་བསྐྱེད་དེ།ཆུའི་འབྱུང་ཁུངས་གསོ་བའི་ནུས་ཤུགས་དང་ཁོར་ཡུག་གི་ཤོང་རྒྱ་ཆེ་རུ་གཏོང་དགོས།མུ་མཐུད་དུ་ཁོར་ཡུག་གི་སྤུས་ཀ་ལེགས་བཅོས་བྱེད་པ་དང་།སྦག་བཙོག་གཙོ་བོ་ཕྱིར་འབུད་པའི་སྤྱི་ཚད་ཇེ་ཉུང་དུ་བཏང་ནས།གསར་སྤེལ་བྱེད་ཤུགས་ཚོད་འཛིན་དང་རང་བྱུང་གནོད་འཚེ་བཀག་འགོག་དང་ཉུང་འཕྲི་བྱེད་པའི་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས་པར་མ་ཟད།ལོ་རྒྱུས་ཀྱི་རིག་རྫས་སྲུང་སྐྱོང་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས།

    གྲོས་ཚོགས་སྟེང་བླང་བྱ་བཏོན་དོན།མི་ཉིད་གཞི་རྩ་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་མི་ནི་སྲོག་ཤིང་ཡིན་པའི་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བ།གྲོང་རྡལ་མི་འབོར་གྱི་སྤུས་མཚག་དང་སྡོད་དམངས་ཀྱི་འཚོ་བའི་སྤུས་ཀ་ཇེ་མཐོར་བཏང་ནས། གྲོང་རྡལ་དུ་ལས་ཀར་ཞུགས་པ་དང་འཚོ་གནས་བྱེད་པའི་ནུས་པ་ལྡན་པའི་རྒྱུན་སྡོད་མི་འབོར་གོ་རིམ་ལྡན་པའི་ངང་གྲོང་ཁྱེར་པར་འགྱུར་བ་དེ་ལས་འགན་གཙོ་བོར་བརྩི་དགོས།ཆགས་སྟངས་ལེགས་བསྒྱུར་བྱ་དགོས་པར་མ་ཟད། ཐོན་ཁུངས་ཁོར་ཡུག་གིས་ཐེག་ཐུབ་པའི་ནུས་པ་ལྟར་ཚན་རིག་ལྟར་ལུགས་དང་མཐུན་པའི་གྲོང་རྡལ་ཅན་གྱི་སྤྱི་ཁོག་ཆགས་སྟངས་གསར་སྐྲུན་བྱ་དགོས།གྲོང་ཁྱེར་བྱིངས་དེ་གཙོ་གཞི་རུ་བརྩིས་ནས།གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་རྡལ་ཆུང་བ་ལུགས་དང་མཐུན་པར་ལས་བགོས་དང་བྱེད་ནུས་ཕན་ཚུན་གསབ་པ། མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་རྒྱུན་འཁྱོངས་བྱས་ཏེ།གཙོ་བོར་ལྗང་མདོག་འཕེལ་རྒྱས་དང་འཁོར་སྐྱོད་འཕེལ་རྒྱས།ཐན་དམའ་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས་པ་དང་།རང་བྱུང་ཁམས་ལ་གནོད་འཚེ་ཇེ་ཉུང་དུ་གཏོང་བ་དང་།ས་ཞིང་དང་ཆུ།ནུས་ཁུངས་བཅས་ཐོན་ཁུངས་ལ་གྲོན་ཆུང་ལེགས་བསྡུས་ཞིབ་གཉེར་བྱ་དགོས་པར་མ་ཟད།རིག་གནས་རྒྱུན་འཛིན་དང་ལོ་རྒྱུས་ཀྱི་དྲན་ཤེས་དང་ས་ཁོངས་ཀྱི་ཁྱད་ཆོས།མི་རིགས་ཀྱི་ཁྱད་ཆོས་བཅས་ལྡན་པའི་མཛེས་ཤིང་སྡུག་པའི་གྲོང་རྡལ་འཛུགས་སྐྲུན་བྱ་དགོས།

    གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་དགོས་ན་ཚོང་ར་དང་སྲིད་གཞུང་བར་གྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱེད་པར་དོ་སྣང་བྱ་དགོས་པ་སྟེ།ཐོན་ཁུངས་བཀོད་སྒྲིག་ནང་ཚོང་རས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པ་རྒྱུན་འཁྱོངས་བྱ་དགོས་ལ།ལམ་ལུགས་ཁོར་ཡུག་གསར་སྐྲུན་དང་འཕེལ་རྒྱས་ཀྱི་འཆར་གཞི་འགོད་པ།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན།སྤྱི་པའི་ཞབས་ཞུ་འདོན་སྤྲོད།སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་སྲིད་གཞུང་གི་འགན་ནུས་སྔར་བས་འདོན་སྤེལ་གང་ལེགས་བྱ་དགོས།ཀྲུང་དབྱང་དང་ས་གནས་བར་གྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱེད་པར་དོ་སྣང་བྱ་དགོས།ཀྲུང་དབྱང་གིས་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་གྲོང་རྡལ་ཅན་གྱི་སྤྱི་ཡོངས་འཆར་འགོད་དང་འཐབ་ཇུས་ཆགས་སྟངས་གཏན་འབེབས་བྱེད་སྐབས།ས་གནས་ཀྱིས་དོན་དངོས་གཞིར་བཟུང་ནས།སྤྱི་ཡོངས་ཀྱི་འཆར་འགོད་ལག་ལེན་མཐར་ཕྱིན་བྱེད་པ་དང་།དེ་དང་བསྟུན་པའི་འཆར་གཞི་བཀོད་དེ།གསར་སྐྲུན་རང་བཞིན་གྱི་སྒོ་ནས་འཛུགས་སྐྲུན་དང་དོ་དམ་བྱ་བ་སྤེལ་དགོས།

    གྲོས་ཚོགས་སྟེང་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་བཏོན་པ་སྟེ།དང་པོ།ཞིང་ལས་སྤོ་བསྒྱུར་མི་འབོར་གྲོང་ཁྱེར་པར་འགྱུར་བར་སྐུལ་འདེད་གཏོང་དགོས།གཉིས་པ།གྲོང་རྡལ་འཛུགས་སྐྲུན་བྱེད་དུས་ས་ཞིང་བེད་སྤྱོད་པའི་ལས་ཕྱོད་ཇེ་མཐོར་གཏོང་དགོས།གསུམ་པ།རྒྱུ་མང་དང་བསྟུད་མར་སྤྱོད་འཐུས་པའི་མ་དངུལ་འགན་སྲུང་ནང་རྐྱེན་འཛུགས་དགོས།བཞི་པ།གྲོང་རྡལ་ཅན་གྱི་ཆགས་སྟངས་དང་རྣམ་པ་ལེགས་སྒྱུར་བྱ་དགོས།ལྔ་པ།གྲོང་རྡལ་འཛུགས་སྐྲུན་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས།དྲུག་པ།གྲོང་རྡལ་ཅན་ལ་དོ་དམ་བྱེད་པར་ཤུགས་བསྣན་དགོས།

    གྲོས་ཚོགས་སྟེང་ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ།གྲོང་རྡལ་ཅན་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ལ་སྔར་བས་མང་བའི་བདེ་སྐྱིད་བསྐྲུན་ཞིང་།འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས་པའི་འབོད་སྐུལ་བཏོན།

    གྲོས་ཚོགས་སྟེང་ད་དུང《རྒྱལ་ཁབ་ཀྱི་གྲོང་རྡལ་ཅན་གསར་བའི་འཆར་འགོད》ལ་གྲོས་བསྡུར་བྱས་ཤིང་།འབྲེལ་ཡོད་སྡེ་ཁག་གིས་གྲོས་ཚོགས་སྟེང་གྲོས་བསྡུར་བྱས་པའི་གནས་ཚུལ་ལྟར་བཟོ་བཅོས་བྱ་རྒྱུ།།

    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག