མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  2013-12-25 11:13

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཟླ12པའི་ཚེས10ཉིན་ནས་ཚེས13ཉིན་བར་པེ་ཅིན་ནས་བསྡུས།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕེན་དང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུན་ལི་ལིས་ཁི་ཆིང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལིའུ་ཡུན་ཧྲན།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུན་ལི་གཞོན་པ་ཀྲང་ཀའོ་ལི་སོགས་གྲོས་ཚོགས་སུ་ཞུགས།

    ཞི་ཅིན་ཕེན་གྱིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་སྟེ། མིག་སྔའི་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་། 2013ལོའི་དཔལ་འབྱོར་བྱ་བར་སྤྱི་སྡོམ་བྱས་ཤིང་། 2014ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ་བཏོན། ལིས་ཁི་ཆིང་གིས་གསུང་བཤད་གནང་སྐབས་སང་ལོའི་སྤྱི་ཁོག་དཔལ་འབྱོར་ཐད་སྤྱོད་པའི་སྲིད་ཇུས་རྒྱས་བཤད་གནང་ཞིང་། སང་ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་ཞིབ་མོ་གནང་བར་མ་ཟད།སྤྱི་སྡོམ་གསུང་བཤད་གནང་།

    གྲོས་ཚོགས་སྟེང་བསྟན་དོན།ད་ལོའི་ཚུན་དུ།རྙོག་འཛིང་ཧ་ཅང་ཆེ་བའི་གནས་བབ་འོག་ང་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་།ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱིས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་དཔལ་འབྱོར་བྱ་བའི་མགོ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཞིང་།འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱ་ཆེད་མི་སེམས་གཅིག་སྒྲིལ་དང་།ཚན་རིག་དང་མཐུན་པའི་འཕེལ་རྒྱས་འབྱུང་བའི་བརྗོད་གཞི་གཙོ་བོ་འདི་དང་དཔལ་འབྱོར་འཕེལ་སྟངས་མྱུར་དུ་བསྒྱུར་བའི་འཕེལ་ཕྱོགས་གཙོ་བོ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཀ་དང་ཕན་འབྲས་ཇེ་མཐོར་གཏོང་བའི་ལྟེ་བ་བཅས་ལ་དམིགས་ནས།རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཤིང་།བརྟན་བརླིང་ངང་འཕེལ་རྒྱས་བརྩོན་ལེན་བྱ་བའི་སྤྱིའི་ནང་དོན་དང་སྙིང་བོ་རྒྱུན་འཁྱོངས་བྱས་ཏེ།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོ་ཚོད་འཛིན་བྱས་ཤིང་། སྙོམ་སྒྲིག་དང་ཚོད་འཛིན་བྱེད་ཤུགས་ཇེ་བརྟན་དུ་བཏང་བ་དང་།གསང་ཐིག་ལས་བརྒལ་མི་ཆོག་པའི་བསམ་གཞིག་རྒྱུན་འཁྱོངས་བྱས་ཏེ།སྤྱི་ཁོག་གི་སྲིད་ཇུས་བརྟན་འཇགས་དང་ཕྲ་མཐོང་སྲིད་ཇུས་ཧུར་པོ། སྤྱི་ཚོགས་སྲིད་ཇུས་མ་མཐར་ལྟ་རྟོག་བྱ་དགོས་པའི་རིགས་ལམ་ལྟར། ཕྱོགས་སོ་སོའི་བྱ་བ་ལེགས་སྒྲུབ་ནན་ཏན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་ངང་འཕེལ་རྒྱས་དང་བརྟན་བརླིང་ངང་ཇེ་བཟང་དུ་འགྲོ་བཞིན་ཡོད་པས་མགོ་བཟང་པོ་ཞིག་བརྩམས་པ་རེད།དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་བལྟས་ན་བརྟན་བརླིང་ཡིན་པ་དང་ཞིང་ལས་ཐོན་སྐྱེད་ཐད་ཡང་བསྐྱར་ལོ་ལེགས་བྱུང། གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་ཐད་འཕེལ་རྒྱས་གསར་བ་ཐོབ་ཅིང་།བཅོས་སྒྱུར་སྒོ་འབྱེད་ཀྱི་ཤུགས་ཚད་སྔར་ལས་ཆེ་རུ་བཏང་།མི་དམངས་ཀྱི་འཚོ་བ་མུ་མཐུད་དུ་ལེགས་བསྒྱུར་ཐོབ་པ་དང་། སྤྱི་ཚོགས་ཀྱི་ཁྱོན་ཡོངས་འཆམ་མཐུན་དང་བརྟན་འཇགས་རེད།ནང་སྒོས་སུ་གཙོ་བོ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་དཔལ་འབྱོར་འཕེལ་སྟངས་མྱུར་དུ་བསྒྱུར་བ་དང་།དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་གསོ་སྐྱོང་བྱེད་པ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འབྱུང་བར་འགུལ་སྐྱོད་ཀྱི་རྩ་འཛིན་ཞིག་གཏན་འཁེལ་གསལ་བོ་བྱས་ཡོད་པ་དེ་རེད།

    གྲོས་ཚོགས་སྟེང་བསྟན་དོན། གྲུབ་འབྲས་འདི་དག་ཐོབ་པ་ནི་ཏང་ཀྲུང་དབྱང་གིས་ཚན་རིག་ལྟར་ཇུས་ཐག་གཅོད་པ་དང་མགོ་ཁྲིད་ཡང་དག་པ་བྱས་པའི་མཐའ་འབྲས་ཡིན་ལ།ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་དང་ཐུན་མོང་གིས་འབད་འཐབ་བྱས་པའི་མཐའ་འབྲས་ཀྱང་ཡིན། གྲུབ་འབྲས་དེ་དག་ཐོབ་སླ་བ་ཞིག་མིན་པས།ལྡབ་འགྱུར་གྱིས་གཅེས་སྤྲས་བྱ་དགོས།

    གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། 2014ལོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལོ་དང་པོ་ཡིན་ཕྱིར།བཅོས་བསྒྱུར་གྱི་ལས་འགན་ལྗིད་ལ་དཀའ་ཚེགས་ཧ་ཅང་ཆེ།སང་ལོ་ནི“ལྔ·བཅུ་གཉིས”འཆར་འགོད་ཀྱི་ལོ་བཞི་པ་ཡིན་པས། “ལྔ·བཅུ་གཉིས”འཆར་འགོད་ཡོངས་སུ་འགྲུབ་རྒྱུ་ཧ་ཅང་གལ་ཆེ།སང་ལོའི་དཔལ་འབྱོར་བྱ་བ་སྒྲུབ་པའི་སྤྱིའི་བླང་བྱ་ནི།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ།ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཤིང་། བརྟན་བརླིང་ངང་འཕེལ་རྒྱས་བརྩོན་ལེན་བྱ་བའི་སྤྱིའི་ནང་དོན་དང་སྙིང་བོ་རྒྱུན་འཁྱོངས་བྱས་ཏེ།བཅོས་བསྒྱུར་དང་གསར་སྐྲུན་བྱེད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོ་དང་གནད་འགག་སོ་སོར་ལག་ཏུ་བསྟར་ནས།སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་འཇགས་རང་བཞིན་སྲུང་འཛིན་བྱ་དགོས། ཚོང་ར་འཁྲུག་ཆ་དོད་པོར་བཏང་ནས་འཕེལ་སྟངས་མྱུར་དུ་བསྒྱུར་བ་དང་། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་མ་ལག་འཛུགས་སྐྲུན་ཐད་ཤུགས་སྣོན་པ།ཤུགས་ཆེན་པོས་དམངས་འཚོ་ལེགས་བསྒྱུར་བྱེད་པ།དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཀ་དང་ཕན་འབྲས་དངོས་གནས་ཇེ་མཐོར་བཏང་སྟེ།དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས།

    གྲོས་ཚོགས་སྟེང་བསྟན་དོན།སང་ལོའི་དཔལ་འབྱོར་བྱ་བ་ལེགས་སྒྲུབ་བྱེད་ན་ཆེས་གཙོ་བོ་ནི་བརྟན་བརླིང་ངང་འཕེལ་རྒྱས་བརྩོན་ལེན་དང་བཅོས་བསྒྱུར་གསར་སྐྲུན་བྱ་རྒྱུ་དེ་ཡིན།ཏན་ཏན་ཏིག་ཏིག་གིས་བྱ་བ་བསྒྲུབས་ནས་བརྟན་བརླིང་ངང་ཇེ་བཟང་དུ་འགྲོ་བཞིན་ཡོད་པའི་གནས་བབ་སྲུང་འཛིན་བྱེད་པ་དང་།དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་ཡོང་བར་སྐུལ་འདེད་བཏང་ནས།བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་ཆ་རྐྱེན་བསྐྲུན་དགོས།དུས་མཚུངས་སུ། བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་གནད་དོན་ཐག་གཅོད་པ་ཁྲིད་ཕྱོགས་སུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ།འགག་སྒྲོལ་དང་གསར་སྐྲུན་བྱེད་ཕོད་པ་དང་།བཅོས་བསྒྱུར་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད།དམངས་འཚོ་ལེགས་བསྒྱུར་བྱེད་པར་སྐུལ་འདེད་བཅས་བྱ་དགོས། “བརྟན་འཇགས”ཡིན་པ་དང་ཡང་ན“བཅོས་བསྒྱུར”བྱེད་པ་གང་ཡིན་རུང་རྩོད་སྒྲུབ་གཅིག་གྱུར་ཡིན་པ་དང་ཕན་ཚུན་གྱི་ཆ་རྐྱེན་དུ་གྱུར་ཡོད།གཅིག་ནས་བརྟན་འཇགས་ཡིན་དགོས་པ་དང་གཞན་ཞིག་ནས་བཅོས་བསྒྱུར་བྱ་དགོས།བརྟན་འཇགས་ཐད་ཤུགས་དྲག་དགོས་ལ་བཅོས་བསྒྱུར་ཐད་གོ་རིམ་ཡོད་དགོས།གནད་འགག་ནི་འདི་གཉིས་བར་གྱི་ཚད་ཚོད་འཛིན་གང་ལེགས་བྱ་དགོས། 

     གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།སང་ལོའི་དཔལ་འབྱོར་བྱ་བ་ལེགས་སྒྲུབ་བྱེད་ན། རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་།ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་འཕར་བའི་འབྲེལ་བར་ཁྱོན་ཡོངས་ནས་ངོས་འཛིན་བྱེད་པ་དང་།འཕེལ་རྒྱས་དེ་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་འཕར་སྣོན་བྱེད་པ་ཙམ་མིན་པར་གོ་སྐབས་དམ་འཛིན་བྱས་ཏེ་རྒྱལ་ནང་གི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་ལུགས་མཐུན་སྒོས་འཕར་བ་དང་།དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱས་ནས།དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཀ་དང་ཕན་འབྲས་ཇེ་མཐོར་བཏང་ལ།མཇུག་རྐྱེན་ཡང་མེད་པའི་མྱུར་ཚད་མངོན་འགྱུར་བྱ་ད་གོས་པ་དེ་ཡིན།

    གྲོས་ཚོགས་སྟེང་བསྟན་དོན། སང་ལོའི་དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབ་དགོས་ན།ངེས་པར་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་བརླིང་གི་དངུལ་ལོར་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱ་དགོས།

    གྲོས་ཚོགས་སྟེང་སང་ལོའི་དཔལ་འབྱོར་བྱ་བའི་ལས་འགན་གཙོ་བོ་བཏོན་པ་སྟེ།གཅིག རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དངོས་གནས་འགན་སྲུང་བྱ་དགོས།གཉིས།ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས།གསུམ།བུ་ལོན་གྱི་ཉེན་ཁ་ཤུགས་ཆེན་པོས་སྔོན་འགོག་དང་ཚོད་འཛིན་བྱ་དགོས།བཞི།ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བྱ་དགོས།ལྔ།དམངས་འཚོ་འགན་སྲུང་དང་ལེགས་བསྒྱུར་བྱ་བ་ཤུགས་ཆེན་པོས་ལེགས་སྒྲུབ་བྱ་དགོས།དྲུག རྒྱུན་མི་ཆད་པར་ཕྱི་ལ་སྒོ་འབྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས།

    གྲོས་ཚོགས་སྟེང་བླང་བྱ་བཏོན་རྒྱུར། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ།རྡོག་རྩ་གཅིག་སྒྲིལ་དང་བྱ་བ་ནན་ཏན་གྱིས་སྒྲུབ་པ།ཐེངས་འདིའི་གྲོས་ཚོགས་ཀྱི་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་ནན་ཏན་བཅས་བྱས་ནས།དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བར་མཉམ་དུ་འབད་འཐབ་བྱ་དགོས།།   

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག