མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-18 11:11


ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་པེ་ཅིན་ལ་བྱ་བའི་སྙན་ཞུ་འབུལ་དུ་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས17ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་པེ་ཅིན་ལ་བྱ་བའི་སྙན་ཞུ་འབུལ་དུ་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་བར་མ་ཟད། ཞང་ཀང་གི་མིག་སྔའི་གནས་བབ་དང་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་ལོ་ངོ་གཅིག་རིང་གི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན།

ལིས་ཁི་ཆང་གིས་གསུངས་རྒྱུར། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་ཚད་ད་རུང་སྔར་བཞིན་དུ་རྙོག་འཛིང་དང་ཀྱག་ཀྱོག་ཡིན། ཞང་ཀང་གི་དཔལ་འབྱོར་གཏན་འཇགས་ཀྱིས་འཕར་སྣོན་བྱུང་བ་དང་ལས་ཤོར་གྱི་ཚད་ཇེ་དམའ་རུ་སོང་བ། སྤྱི་ཚོགས་བརྟན་འཇགས་རྒྱུན་འཁྱོངས་བཅས་བྱས་པའི་གྲུབ་འབྲས་འདི་ནི་ཧ་ཅང་ཐོབ་སླ་བ་ཞིག་མིན། མིག་སྔར་རང་རེའི་རྒྱལ་ཁབ་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་དུས་རིམ་གསར་བར་བསྐྱོད་བཞིན་པའི་སྒང་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་འབྲེལ་ཡོད་གཏན་འཁེལ་ལག་ལེན་མཐར་ཕྱིན་བྱས་པ་དང་བསྟུན་ནས། རྒྱལ་ཁབ་ཀྱི་མདུན་ལྗོངས་སྔར་ལས་འོད་སྟོང་ལྡན་པ་ཞིག་ཏུ་འགྱུར་ཐུབ་པར་མ་ཟད། ཞང་ཀང་གི་འཕེལ་རྒྱས་ཐད་ལ་སྔར་ལས་གོ་སྐབས་བསྐྲུན་ཐུབ་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་དབྱང་སྲིད་གཞུང་གིས་མུ་མཐུད་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཞང་ཀང་བས་ཞང་ཀང་སྐྱོང་བ། ཚད་མཐོ་བའི་རང་སྐྱོང་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གཞི་རྩའི་བཅའ་ཁྲིམས་ལྟར་གཟབ་ནན་གྱིས་བྱ་བ་སྒྲུབ་ངེས་ཡིན་ལ། སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་དང་དམིགས་བསལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་ནུས་ཤུགས་གང་ཡོད་བཏོན་ནས་རྒྱབ་སྐྱོར་བྱེད་པ་དང་། ནང་ལོག་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་བར་གྱི་སྒོ་འབྱེད་དང་མཉམ་ལས་སྔར་ལས་ལྷག་པའི་སྒོ་ནས་རྒྱ་བསྐྱེད་དེ། ཞང་ཀང་གིས་རྒྱལ་ཁབ་ཀྱིས་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་ཕྱི་ཕྱོགས་སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་པའི་ཁྲོད་ཐོན་པའི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ངེས་ཡིན། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་གོ་སྐབས་དམ་འཛིན་བྱེད་པ་དང་འགྲན་རྩོད་ལ་ཁ་གཏད་འཇལ་བ། དཔལ་འབྱོར་དངུལ་ལོར་གྱི་ཆེ་ཕྱོགས་གཏན་འཇགས་ལ་ཁག་ཐེག་བྱེད་པ། རྒྱལ་ཁབ་ཀྱི་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པའི་ཁྲོད་དུ་ཧུར་ཐག་གིས་ཞུགས་ན། ཛ་དྲག་ཆེ་བའི་འགྲན་རྩོད་ཀྱི་ཁྲོད་དུ་རང་ཉིད་ཀྱི་སྔོན་ཐོན་གོ་གནས་མུ་མཐུད་དུ་སྲུང་འཛིན་བྱེད་དགོས་ཟེར།

རྒྱལ་སྲིད་ཨུ་ཡོན་གྱི་ཞོར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་འཁུར་མཁན་དབྱང་ཅིན་དང་རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་གཉིས་མཇལ་འཕྲད་ལ་ཞུགས།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག