ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་པར་འགྲེམ་བྱས་པའི་ཏང་སྲིད་ལས་ཁུངས་ཀྱི་རྒྱལ་ནང་གཞུང་དོན་སྣེ་ལེན་དོ་དམ་གཏན་འབེབས་ཞེས་པ་མི་དམངས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་པ་དང་། དེ་རིང་ནས་བཟུང་རྒྱལ་ཡོངས་ཀྱི་ཤིན་ཧྭ་དཔེ་ཚོང་ཁང་ནས་འགྲེམ་སྤེལ་བྱ་རྒྱུ་ཡིན་པ་རེད།
དེབ་རྐྱང་པ་དེའི་ནང་། ཏང་སྲིད་ལས་ཁུངས་ཀྱི་རྒྱལ་ནང་གཞུང་དོན་སྣེ་ལེན་དོ་དམ་གཏན་འབེབས་ཞེས་པའི་ནང་དོན་ཆ་ཚང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་བྱ་དོན་དོ་དམ་ཅུས་ཀྱི་འགན་འཁུར་མི་སྣའི་གཏན་འབེབས་སྐོར་གྱི་འགྲེལ་བརྗོད་རྩོམ་ཡིག་བཟའ་སྡོད་སྐྱོད་སྐོར་དོ་དམ་ཡག་པོ་བྱེད་དགོས་ཞེས་པ་སོགས་ཀྱི་རྩོམ་ཡིག་བསྡུས་ཡོད་པས། ཏང་སྲིད་ལས་ཁུངས་ཀྱི་རྒྱལ་ནང་གི་གཞུང་དོན་སྣེ་ལེན་དོ་དམ་ཚད་ལྡན་བཟོ་རྒྱུ་དང་། ཧུར་བསྲིས་གྲོན་ཆུང་བྱེད་རྒྱུ། རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན། དེ་བཞིན་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་བྱེད་སྒོའི་བཅོས་སྒྲིག་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། །