མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཀྲུང་གུང་ཀྲུང་དབྱང་གི་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་གནད་དོན་གལ་ཆེན་རབ་དང་རིམ་པའི་སྐོར་གྱི་ཆོད་དོན་ཐད་ནས་གསལ་བཤད་མཛད་པ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།  2013-11-16 21:23

    ཤིན་ཧྭ་གསར་འགྱུར་ཁང་གིས་སྤྱི་ཚེས་15ཉིན་དབང་ཆ་ཐོབ་པ་ལྟར་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངག་བཅོལ་ལྟར་ཀྲུང་གུང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་གལ་ཆེའི་གནད་དོན་འགའ་ཞིག་ཐད་ཀྱི་གཏན་འབེབས་ཞེས་པའི་ཐད་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་གནང་བའི་གསལ་བཤད་སྤེལ་ཡོད་པ་རེད།

    ཞི་ཅིན་ཕེན་གྱིས་ཐོག་མར་ཚང་འཛོམས་གྲོས་ཚོགས་ཐོག་གི་གཏན་འབེབས་འཆར་ཟིན་བཟོས་པའི་བརྒྱུད་རིམ་ངོ་སྤྲོད་གནང་ཡོད་པ་རེད།

    ཚང་འཛོམས་གྲོས་ཚོགས་ཀྱི་གཏན་འབེབས་ཀྱི་སྤྱིའི་སྒྲོམ་གཞི་དང་གཙོ་གནད་གནད་དོན་ཐད། ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་འགག་རྩ་ནི་གཞུང་དྲང་འགྲན་རྩོད་བྱེད་པའི་གོང་འཕེལ་གྱི་ཁོར་ཡུག་ཞིག་སྔར་ལས་ལྷག་པའི་སྒོ་ནས་བསྐྲུན་དགོས་པ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གསོན་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ། སྲིད་གཞུང་གི་ལས་ཆོད་དང་ནུས་པ་སྔར་བས་མཐོ་རུ་གཏོང་དགོས་པ། སྤྱི་ཚོགས་ཀྱི་གཞུང་དྲང་དང་དྲང་བདེན་སྔར་བས་མངོན་འགྱུར་བྱེད་དགོས་པ། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྔར་བས་སྐུལ་འདེད་གཏོང་དགོས་པ། ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་འཛིན་ནུས་པ་སྔར་བས་མཐོ་རུ་གཏོང་དགོས་པ་བཅས་ཀྱི་ངོས་འཛིན་བྱས་ཡོད་ཅེས་གསུངས་ཡོད་པ་རེད།

    ཚང་འཛོམས་གྲོས་ཚོགས་ཀྱི་གཏན་འབེབས་འཆར་ཟིན་བཟོ་སྐབས་ཕྱོགས་ལྔའི་ཐད་མངོན་གསལ་དུ་བསམ་གཞིགས་བྱས་ཡོད་པ་སྟེ། གཅིག་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་བླང་བྱ་གསར་པ་དང་འཚམ་པ་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ནང་བཏོན་པའི་ཁྱོན་ཡོངས་ནས་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱ་རྒྱུའི་འཐབ་ཇུས་ལས་འགན་དོན་འཁྱོལ་བྱ་རྒྱུ་དང་། གཉིས་ནི་བསྒྱུར་བཅོས་ཀྱིས་ལམ་ཐིག་གཙོ་བོ་བྱས་ཏེ། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་བྱེད་ཐབས་གསར་པ་མངོན་གསལ་དོད་དུ་གཏོང་བ། གསུམ་ནི་གཙོ་གནད་ལ་དམ་འཛིན་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་བཏོན་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་། མི་དམངས་མང་ཚོགས་ཀྱི་རེ་འབོད་དང་རེ་སྒུག་ལ་ལན་ཆ་བྱ་རྒྱུར་གཞིགས་ཏེ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་མངོན་གསལ་དོད་དུ་གཏོང་བ་དང་། དཔལ་འབྱོར་ལམ་ལུགས་བསྒྱུར་བཅོས་བྱེད་པའི་ཁྲིད་སྟོན་ནུས་པ་མངོན་གསལ་དོད་དུ་གཏོང་བ། བཞི་ནི་ཧུར་བརྩོན་དང་བརྟན་པོ་རྒྱུན་འཁྱོངས་བྱས་ཏེ། བསྒྱུར་བཅོས་བྱེད་ཐབས་ཇུས་འགོད་བྱེད་སྐབས་བློ་ཁོག་ཆེ་བ་དང་གོམ་པ་བརྟན་པོ་སྤོ་བ། ལྔ་ནི་དུས་བཀག་སྤྱི་ལོ་2020ལོར་ཇུས་འགོད་བྱེད་པ་དང་། དུས་ཚོད་དུམ་མཚམས་འདིར་གཞིགས་ནས་བསྒྱུར་བཅོས་ཀྱི་ལས་འགན་བཏོན་ཞིང་། སྤྱི་ལོ་2020ལོར་སླེབས་སྐབས་གལ་ཆེའི་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚོགས་བསྒྱུར་བཅོས་བྱེད་པའི་ཐད་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བྱ་རྒྱུ་བཅས་ཡིན་ཞེས་གསུངས་ཡོད་པ་རེད། ཞི་ཅིན་ཕེན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་གཏན་འབེབས་ནང་བཏོན་པའི་གལ་ཆེའི་གནད་དོན་དང་གལ་ཆེའི་བྱེད་ཐབས་འགའ་ཞིག་གི་ཐད་ཀྲུང་དབྱང་གི་བསམ་གཞིགས་ངོ་སྤྲོད་གནང་ཡོད་པ་རེད།

    དེ་ཡང་། གཅིག་ནི། ཁྲོམ་རས་ཐོན་ཁུངས་ཆ་སྦྱོར་བྱེད་པའི་ནང་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ་དང་སྲིད་གཞུང་གི་ནུས་པ་དེ་བས་ཡག་པ་འདོན་སྤེལ་ཐུབ་པ་བྱ་རྒྱུའི་སྐོར། འདི་ནི་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གཏན་འབེབས་ནང་བཏོན་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་ཞིག་ཡིན། འདིའི་རྒྱུ་མཚན་གང་ཡིན་ཟེར་ན། དཔལ་འབྱོར་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུ་དེ་སྔར་བཞིན་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་གཙོ་གནད་ཡིན་པ་དང་། དཔལ་འབྱོར་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུའི་ལྟེ་བའི་གནད་དོན་ནི་སྔར་བཞིན་སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཡིན། ཕྱོགས་ཁག་གི་བསམ་འཆར་དང་དོན་དངོས་ཀྱི་གོང་འཕེལ་བླང་བྱར་བསམ་གཞིགས་བྱེད་པ་དང་། གྲོས་བསྡུར་དང་ཞིབ་འཇུག་ཡང་སེ་བྱས་པ་བརྒྱུད། ཀྲུང་དབྱང་གིས་ཁྲོམ་རས་ཐོན་ཁུངས་ཆ་སྦྱོར་བྱེད་པའི་ནང་ཐོན་པའི་རྨང་གཞིའི་རང་བཞིན་གྱི་ནུས་པ་དེ་ཐག་གཅོད་རང་བཞིན་གྱི་ནུས་པར་བཟོ་བཅོས་རྒྱག་དགོས་པའི་ངོས་འཛིན་བྱས་ཡོད།

    གཉིས་ནི། གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར། ཚང་འཛོམས་གྲོས་ཚོགས་ཀྱི་གཏན་འབེབས་ནང་ངེས་པར་དུ་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་བརྟན་པོའི་ངང་གོང་འཕེལ་གཏོང་དགོས་པ་དང་། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་གཙོ་གཟུགས་གནས་བབ་རྒྱུན་འཁྱོངས་བྱེད་དགོས་པ། གཞུང་ཁོངས་དཔལ་འབྱོར་གྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། གཞུང་ཁོངས་དཔལ་འབྱོར་གྱི་གསོན་ཤུགས་དང་ཚོད་འཛིན་ནུས་པ། ཤུགས་རྐྱེན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་དང་། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཚང་མ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། བང་རིམ་མང་པོའི་ཐད་ནས་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་འགྲོ་རྒྱུར་སྐུལ་མ་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་དགོས་པ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་གསོན་ཤུགས་དང་གསར་གཏོད་ནུས་པར་བསྒྱུར་བཅོས་བྱ་ཐབས་སྐུལ་སློང་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

    གསུམ་ནི། ཐེངས་འདིའི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་ནང་ནོར་ཁྲལ་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུ་ནི་གཙོ་གནད་ཅིག་ཡིན། ཀྲུང་དབྱང་གིས། ད་ཡོད་ཀྱི་ཀྲུང་དབྱང་དང་ས་གནས་ནོར་ཤུགས་ཀྱི་གནས་བབ་སྤྱི་ཡོངས་ནས་བརྟན་པོ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཀྲུང་དབྱང་དང་ས་གནས་ཀྱི་ཡོང་འབབ་དབྱེ་བ་སྔར་བས་གསལ་པོ་ཕྱེ་དགོས་པ་ཁ་གསལ་བཏོན་ཡོད་པ་རེད།

    བཞི་ནི། གྲོང་ཁྱེར་དང་གྲོང་གསེབ་གོང་འཕེལ་གྱི་གཞི་གཅིག་ཅན་གྱི་ལམ་ལུགས་དང་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས། བཟོ་ལས་ཀྱིས་ཞིང་ལས་ལ་སྐུལ་འདེད་དང་། གྲོང་ཁྱེར་གྱིས་གྲོང་གསེབ་ལ་ཁྲིད་སྟོན། བཟོ་ལས་དང་ཞིང་ལས་ཕན་ཚུན་གསབ་རེས། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་བཅས་ཀྱི་བཟོ་ལས་དང་ཞིང་ལས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་གསར་པ་ཆགས་པ་བྱས་ནས། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱིས་འདྲ་མཉམ་ངང་དེང་རབས་ཅན་གྱི་འཕེལ་རིམ་ནང་ཞུགས་ཐུབ་པ་དང་། ཐུན་མོང་ཐོག་དེང་རབས་ཅན་གྱི་གྲུབ་འབྲས་ལོངས་སྤྱོད་བྱེད་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

    ལྔ་ནི། དམངས་གཙོ་གྲོས་མོལ་དང་རྒྱ་ཁྱབ་ཀྱི་བང་རིམ་མང་པོའི་ལམ་ལུགས་ཅན་གྱི་གོང་འཕེལ་ལ་སྐུལ་འདེད་བཏང་ནས། དེ་ཉིད་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་བྱེད་པའི་གལ་ཆེའི་ནང་དོན་ལ་བརྩི་རྒྱུ།

    དྲུག་ནི། ཁྲིམས་འཛིན་བསྒྱུར་བཅོས་བྱ་རྒྱུ་ནི་ཐེངས་འདིའི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་གཙོ་གནད་ཅིག་ཡིན།

    བདུན་ནི། ལག་ལེན་དངོས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་དང་། ཕྱོགས་ཁག་གི་བསམ་འཆར་བསྡུ་ལེན་བྱེད་པའི་རྨང་གཞིའི་ཐོག ཚང་འཛོམས་གྲོས་ཚོགས་ཀྱི་གཏན་འབེབས་ནང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་ལུགས་སྒྲིག་གཞི་གསར་གཏོད་དང་ལམ་ལུགས་ཀྱི་འགན་སྲུང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་ཐད་གཙོ་གནད་བཀོད་སྒྲིག་བྱས་ཡོད་པ་རེད།

    བརྒྱད་ནི། ཚང་འཛོམས་གྲོས་ཚོགས་ཀྱི་གཏན་འབེབས་ནང་དྲ་སྦྲེལ་དོ་དམ་གྱི་འགོ་ཁྲིད་ལམ་ལུགས་སྔར་བས་ཇེ་མགྱོགས་ངང་འཐུས་སྒོ་ཚང་དུ་གཏོང་བ་བསྟན་ཡོད་པ་དང་། དེའི་དམིགས་ཡུལ་ནི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ནུས་གཅིག་བསྡུས་བྱས་ཏེ། ལག་རྩལ་ནས་ནང་དོན་བར་དང་། ཉིན་རེའི་བདེ་འཇགས་ནས་ཉེས་བསགས་ལ་རྡུང་རྡེག་གཏོང་བའི་བར་དྲ་སྦྲེལ་གྱི་དོ་དམ་མཉམ་ཤུགས་ཤིག་ཆགས་པ་བྱས་ཏེ། དྲ་བ་ཡང་དག་ངང་བཀོལ་སྤྱོད་དང་བདེ་འཇགས་ཡོང་བའི་འགན་སྲུང་བྱ་རྒྱུ།

    དགུ་ནི། རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་བཙུགས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ལ་གཅིག་བསྡུས་དང་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

    བཅུ་ནི། རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་རང་བྱུང་ཐོན་ཁུངས་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    བཅུ་གཅིག་ནི། ཀྲུང་དབྱང་གིས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། དེ་བས་ཡག་པའི་ངང་ཏང་གིས་གནས་བབ་ཧྲིལ་པོར་བཀོད་འདོམས་དང་། ཕྱོགས་ཁག་གི་འགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་མཐུན་སྦྱོར་བྱས་ཏེ། བསྒྱུར་བཅོས་བདེ་བླག་ངང་སྐུལ་འདེད་ཐུབ་པ་དང་བསྒྱུར་བཅོས་ཀྱི་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་འགན་ལེན་བྱ་རྒྱུ་བཅས་ཡིན་པ་རེད།

    ཞི་ཅིན་ཕེན་གྱིས་མཇུག་ཏུ་བླང་བྱ་ཁ་ཤས་བཏོན་ཡོད་དེ། བསྒྱུར་བཅོས་ཀྱི་སེམས་ཤུགས་དང་བློ་སྟོབས་ཆེ་རུ་བཏང་ནས། བསམ་བློར་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གནས་བབ་ཧྲིལ་པོར་གཞིགས་ནས་གནད་དོན་ལ་བསམ་གཞིགས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པའི་ནན་བཏོན་གནང་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག