མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས།

རྩོམ་པ་པོ། དཔལ་མགོན་སྐྱབས་ཀྱིས་བསྒྱུར།  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2013-11-16 21:23

    ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སྤྱི་ལོ་2013ལོའི་ཟླ་11པའི་ཚེས་9ཉིན་ནས་ཚེས་12ཉིན་བར་པེ་ཅིན་དུ་འཚོགས་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སྤྱི་ལོ་2013ལོའི་ཟླ་11པའི་ཚེས་9ཉིན་ནས་ཚེས་12ཉིན་བར་པེ་ཅིན་དུ་འཚོགས་ཡོད་པ་རེད།

    ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྲས་སུ་ཀྲུང་དབྱང་ཨུ་ཡོན་༢༠༤དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་༡༦༩ཡོད་པ་རེད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མིའི་ནང་གི་གཞི་རིམ་གྱི་བློ་མཐུན་ཁག་ཅིག་དང་རིགས་གཅིག་མཁས་པའང་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད་པ་རེད།

    གྲོས་ཚོགས་དེ་ཀྲུང་དབྱང་ཆབ་སྲིད་ཅུས་ནས་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གལ་ཆེའི་གསུང་བཤད་གནང་ཡོད་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག ཞི་ཅིན་ཕིང་ནས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མངག་བཅོལ་ལྟར་གནང་བའི་ལས་དོན་སྙན་ཞུ་གསན་པ་དང་གྲོས་བསྡུར་གནང་ཡོད་པ་དང་། ཀྲུང་གུང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་གལ་ཆེའི་གནད་དོན་འགའ་ཞིག་སྐོར་གྱི་གཏན་འབེབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། ཞི་ཅིན་ཕིང་གིས་གཏན་འབེབས་ཀྱི་གྲོས་བསྡུར་མ་ཟིན་སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་ཡོད་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ལས་ཀར་གདེང་འཇོག་མཐོ་པོ་གནང་ཡོད་པ་དང་། ཧ་ཅང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་སྒྱུར་བཅོས་དང་གོང་འཕེལ་བརྟན་ལྷིང་བཅས་ཀྱི་ལས་འགན་མདུན་དུ། ཀྲུང་དབྱང་ཆབ་སྲིད་ཅུད་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་། གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་བྱེད་པ། ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་བ། བརྟན་པོའི་ཁྲོད་ནས་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་དོན་གྱི་སྤྱིའི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། བརྟན་པོའི་སྒོ་ནས་འཕར་སྣོན་དང་། གྲུབ་གཞི་ལེགས་སྒྲིག་བྱེད་པ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། སྒམ་བརླིང་ངང་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་གཅོག་པ། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། ཤེས་དཔལ་འཛུགས་སྐྱོང་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོར་སྐུལ་འདེད་ཏན་ཏིག་གཏོང་བ། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པ། གོང་འཕེལ་གྱི་གྲུབ་འབྲས་སྔར་བས་མང་བ་དང་སྔར་བས་གཞུང་དྲང་གི་སྒོ་ནས་མི་དམངས་ཡོངས་ལ་ཁེ་ཕན་རགས་ཐབས་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལོ་དང་པོར་འགོ་འཛུགས་ས་ཡག་པོ་ཞིག་བྱུང་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་ཡོད་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་འཚོགས་ནས་ལོ་ངོ་༣༥སོང་རིང་སྒྱུར་བཅོས་སྒོ་དབྱེའི་ལེགས་གྲུབ་ལྡན་པའི་ལག་ལེན་དང་རླབས་ཆེན་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་གནང་ཡོད་པ་དང་། ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་གལ་ཆེའི་གནད་དོན་འགའ་ཤས་སྐོར་ཞིབ་འཇུག་གནང་བ། སྒྱུར་བཅོས་སྒོ་དབྱེ་ནི་ཏང་གིས་དུས་སྐབས་གསར་པའི་ཆ་རྐྱེན་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་ནས་རླབས་ཆེན་གྱི་གསར་བརྗེ་གསར་པ་བྱེད་རྒྱུ་དང་། དེང་རབས་ཀྲུང་གོའི་ཆེས་མངོན་གསལ་ཆེ་བའི་ཁྱད་ཆོས། དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་འགག་རྩའི་གདམ་ག། ཏང་དང་མི་དམངས་ཀྱི་བྱ་བཞག་ཀྱིས་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་བསྙེགས་ཐུབ་པ་བཅས་ཀྱི་རྩ་ཆེའི་ནོར་བུ་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་བྱེད་པ་དང་། སྟོབས་ལྡན་དང་དམངས་གཙོ་ཤེས་དཔལ། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར། ངེས་པར་དུ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་དགོས་པའི་ངོས་འཛིན་གནང་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག