མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་གི་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་གནད་དོན་རབ་དང་རིམ་པའི་སྐོར་གྱི་ཆོད་དོན།

རྩོམ་པ་པོ། ཕྱུག་བློ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-16 20:21

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཞིན་ཧྭ་གསར་འགྱུར་ཁང་གིས་ཚེས15ཉིན་དབང་ཆ་གནང་བ་ལྟར«ཀྲུང་གུང་ཀྲུང་དབྱང་གི་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་གནད་དོན་རབ་དང་རིམ་པའི་སྐོར་གྱི་ཆོད་དོན»སྒྲོག་སྤེལ་བྱས། «ཆོད་དོན»ལ2013ལོའི་སྤྱི་ཟླ11པའི་ཚེས12ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་།

    «ཆོད་དོན»བསྡོམས་པས་དོན་ཆེན་བཅུ་དྲུག་དང་དོན་ཚན་དྲུག་ཅུ་རུ་བགོས་ཡོད་དེ།

    གཅིག བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་དོན་སྙིང་གལ་ཆེན་དང་མཛུབ་སྟོན་བསམ་བློ།

    བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་གོང་འཕེལ་དུ་བཏང་ནས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གཏོང་རྒྱུ་དེ་ཡིན་པས། ངེས་པར་དུ་བཅོས་སྒྱུར་གྱི་མ་ལག་རང་བཞིན་དང་སྤྱི་ཁོག་རང་བཞིན། གཅིག་མཐུན་རང་བཞིན་བཅས་ལ་སྔར་ལས་དོ་སྣང་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་དང་དམངས་གཙོ་ཆབ་སྲིད། སྔོན་ཐོན་རིག་གནས། འཆམ་མཐུན་སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་མྱུར་དུ་གོང་འཕེལ་དུ་བཏང་ནས། ངལ་རྩོལ་དང་ཤེས་བྱ། ལག་རྩལ། དོ་དམ། མ་རྩ་བཅས་ཀྱི་གསོན་ཤུགས་ཡོད་ཚད་གཅིག་ལ་གཅིག་འགྲན་གྱིས་འདོན་དུ་འཇུག་པ་དང་། སྤྱི་ཚོགས་ཀྱི་རྒྱུ་ནོར་བསྐྲུན་པའི་རྒྱུ་རྐྱེན་ཡོད་ཚད་ཆུ་མིག་བརྡོལ་བ་བཞིན་དུ་འབྱུང་བར་བྱས་ཏེ། འཕེལ་རྒྱས་ཀྱི་ཕན་འབྲས་སྔར་ལས་མང་པོས་སྔར་ལས་འདྲ་མཉམ་གྱིས་མི་དམངས་ཡོངས་ལ་ཕན་འདོགས་དགོས།

    ཚོང་རར་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དུ་འཇུག་པའི་དཔལ་འབྱོར་སྒྲིག་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་དམ་དུ་དམིགས་པ་དང་། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ལུགས་མཐུན་གྱིས་གཅིག་གྱུར་བྱེད་པའི་ཆབ་སྲིད་སྒྲིག་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་དམ་དུ་དམིགས་པ། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་མ་ལག་དང་སྤྱི་ཚོགས་རིང་ལུགས་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རིག་གནས་སྒྲིག་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་དམ་དུ་དམིགས་པ། རིག་གནས་དོ་དམ་སྒྲིག་སྲོལ་དང་རིག་གནས་ཐོན་སྐྱེད་བདག་གཉེར་སྒྲིག་ལུགས་མྱུར་དུ་འཐུས་ཚང་དུ་གཏོང་བ་དང་། དམངས་འཚོར་སྔར་ལས་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་ཡར་སྐུལ་བྱེད་པའི་སྤྱི་ཚོགས་སྒྲིག་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་དམ་དུ་དམིགས་པ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་དམ་དུ་དམིགས་པ། ཚན་རིག་དང་མཐུན་པར་སྲིད་འཛིན་པ་དང་དམངས་གཙོའི་སྒོ་ནས་སྲིད་འཛིན་པ། ཁྲིམས་ལྟར་སྲིད་འཛིན་པ་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བའི་ཏང་གི་འཛུགས་སྐྲུན་གྱི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་དམ་དུ་དམིགས་པ་བཅས་བྱེད་དགོས།

    དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་ནི་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་གཙོ་གནད་ཡིན་ལ། དེའི་གནད་དོན་གཙོ་བོ་ནི་སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ཏེ། ཚོང་རར་ཐོན་ཁུངས་བཀོད་སྒྲིག་ཁྲོད་ནས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དུ་འཇུག་རྒྱུ་དང་སྲིད་གཞུང་གི་ནུས་པ་སྔར་ལས་བཟང་བོར་འདོན་རྒྱུ་དེ་ཡིན། ཚོང་རས་ཐོན་ཁུངས་བཀོད་སྒྲིག་ཐག་གཅོད་པ་ནི་ཚོང་རའི་དཔལ་འབྱོར་གྱི་སྤྱིར་བཏང་གི་ཆོས་ཉིད་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས་ན་ངེས་པར་དུ་ཆོས་ཉིད་འདི་བརྩི་སྲུང་བྱས་ཏེ། ཚོང་རའི་མ་ལག་འཐུས་ཚང་མིན་པ་དང་། སྲིད་གཞུང་གིས་ཐེ་གཏོགས་བྱེད་དྲགས་པ། ལྟ་སྐུལ་དོ་དམ་དོན་ཐོག་ཏུ་འཁྱོལ་མེད་པ་བཅས་ཀྱི་གནད་དོན་ཧུར་ཐག་གིས་ཐག་གཅོད་དགོས།

    ངེས་པར་དུ་ཧུར་ཐག་དང་བརྟན་བརླིང་སྒོས་ཡངས་ཚད་དང་ཟབ་ཚད་ཀྱི་ཐད་ནས་ཚོང་ར་ཅན་གྱི་བཅོས་སྒྱུར་སྤེལ་ཏེ། སྲིད་གཞུང་གིས་ཐོན་ཁུངས་ཐད་ཀར་དུ་བཀོད་སྒྲིག་བྱེད་ཚད་ཆེས་ཆེར་ཇེ་ཉུང་དུ་བཏང་ནས། ཐོན་ཁུངས་བཀོད་སྒྲིག་གིས་ཚོང་རའི་སྒྲིག་སྲོལ་དང་ཚོང་རའི་རིན་གོང་། ཚོང་རའི་འགྲན་རྩོད་བཅས་གཞིར་བཟུང་ནས་ཁེ་ཕན་ཆེས་ཆེན་པོ་དང་ཕན་འབྲས་ཆེས་བཟང་བོ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། སྲིད་གཞུང་གི་འགན་ནུས་དང་ནུས་པ་གཙོ་བོ་ནི་ཆེ་ཕྱོགས་དཔལ་འབྱོར་གྱི་བརྟན་འཇགས་སྲུང་འཛིན་བྱས་ཏེ། སྤྱི་པའི་ཞབས་ཞུ་ལ་ཤུགས་སྣོན་ལེགས་སྒྱུར་བྱེད་པ་དང་། འདྲ་མཉམ་འགྲན་རྩོད་ལ་འགན་སྲུང་བྱེད་པ། ཚོང་རའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣོན་པ། ཚོང་རའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ། རྒྱུན་སྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐུན་མོང་འབྱོར་ཕྱུག་ལ་ཡར་སྐུལ་བྱེད་པ། ཚོང་རའི་ནུས་པ་ཉམས་པར་ཁ་གསབ་བྱེད་པ་བཅས་ཡིན།

    དེང་སྐབས་རང་རྒྱལ་གྱི་འཕེལ་རྒྱས་དེ་དུས་རིམ་གསར་བར་སླེབས་ཡོད་པ་དང་། བཅོས་སྒྱུར་དེ་མཁྲེགས་གཏོར་གྱི་དུས་སྐབས་དང་གནད་འགག་གི་གོ་རིམ་དུ་སླེབས་ཡོད་པས། ངེས་པར་དུ་ལོ་རྒྱུས་ཀྱི་འགན་འཁྲིའི་འདུ་ཤེས་དྲག་པོ་བཅངས་ཏེ། ཚད་ཆེས་མཐོ་བའི་སྒོ་ནས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པ་དང་། ཆེས་མཐོ་བའི་སྒོ་ནས་མཐུན་རྐྱེན་སྣ་ཚོགས་སྐུལ་སློང་བྱེད་པ། དཀའ་ཁག་དང་ཉེན་ཁ་སེལ་ཕོད་པར་བྱས་ཏེ། ཆོད་སེམས་ཆེས་ཆེན་པོས་བསམ་བློའི་འདུ་ཤེས་ཀྱི་བཀག་རྒྱ་སེལ་བ་དང་ཁེ་ཕན་སྲ་འགྱུར་གྱི་འགོག་ར་གཏོར་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རང་སྟེང་ནས་འཐུས་ཚང་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

    ཉིས་སྟོང་ཉི་ཤུ་ལོར་ཐོན་སྐབས། ཁྱབ་ཁོངས་གལ་ཆེན་དང་གོ་རིམ་གནད་འགག་གི་བཅོས་སྒྱུར་ཐད་ནས་ཐག་གཅོད་རང་བཞིན་གྱི་ཕན་འབྲས་བླངས་ཏེ། ཆོད་དོན་འདིས་བཏོན་པའི་བཅོས་སྒྱུར་གྱི་ལས་འགན་ཡོངས་འགྲུབ་བྱེད་པ་དང་། མ་ལག་ཆ་ཚང་བ་དང་ཚན་རིག་དང་མཐུན་ཞིང་ཚད་ལྡན་ཡིན་ལ། འཁོར་སྐྱོད་ཕན་འབྲས་ལྡན་པའི་ལམ་ལུགས་དང་སྒྲིག་སྲོལ་ཆགས་པར་བྱས་ཏེ། ཕྱོགས་སོ་སོའི་ལམ་ལུགས་སྔར་ལས་ཕུན་ཚོགས་དང་སྔར་ལས་འཐུས་ཚང་དུ་གཏོང་དགོས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག