མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གོ་མེན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་གློག་འཕྲིན་བཏང་ནས་ཀྲུང་གོ་གོ་མེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བ་ཚོགས་པར་རྟེན་འབྲེལ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-11 10:50

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཚེས10ཉིན་ཀྲུང་གོ་གོ་མེན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་གློག་འཕྲིན་བཏང་སྟེ་ཀྲུང་གོ་གོ་མེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བ་ཚོགས་པར་རྟེན་འབྲེལ་ཞུས། རྟེན་འབྲེལ་གློག་འཕྲིན་ནང་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་གོ་མེན་ཏང་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་སོང་ཞིང་ཏང་གཉིས་བར་གྱི་སྔར་སོང་རྗེས་མཐུད་དང་མ་འོངས་གསར་གཏོད་བྱེད་པའི་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པ་དང་། ཐུན་མོང་གི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གྱུར་ཞིང་ཀྲུང་གོ་གཅིག་གི་སྤྱི་ཁོག་སྲུང་སྐྱོབ་བྱེད་པའི་ཐུན་མོང་གི་ངོས་ཟིན་ཇེ་དྲག་ཏུ་སོང་བ་དང་། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་སོང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་སུ་འགྲོ་བ་དང་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་ལ་བདེ་སྐྱིད་བསྐྲུན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཐད་ལ་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཚེས་བཅུ་ཉིན་གྱི་ཕྱི་དྲོར། ཀྲུང་གོ་གོ་མེན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་འཕྲིན་ལན་བཏང་ནས་བཀའ་དྲིན་ཆེ་ཞུས། འཕྲིན་ལན་ནང་གསུངས་རྒྱུར། ཉེ་བའི་ལོ་ལྔའི་རིང་ལ་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་དེ་ཏང་གཉིས་ཀྱིས་དགུ་བའི་ཚེས་གཉིས་ཉིན་གྱི་ཐུན་མོང་གི་ལྟ་ཚུལ་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་སྟེང་སླར་གསོ་བྱས་པར་མ་ཟད་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཕྱོགས་གཉིས་བར་གྱི་བརྗེ་རེས་སྔར་ལས་ཇེ་མང་དུ་སོང་བ་དང་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་གསར་གཏོད་བྱས། ཏང་གཉིས་ཀྱིས་མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་ཇེ་མང་དུ་གཏོང་བ་དང་ཀྲུང་ཧྭའི་རིག་གནས་དར་སྤེལ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་བྱེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པར་མ་ཟད་མཉམ་དུ་མཚོ་འགག་འགྲམ་གཉིས་ཀྱི་ཞི་བདེ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱེད་དགོས་ཟེར།

ཉིན་དེར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ལེན་ཀྲན་དང་བུའུ་པའོ་ཞོན་གཉིས་ལ་གློག་འཕྲིན་བཏང་ནས་ཁོ་གཉིས་ཀྱིས་མུ་མཐུད་དུ་ཀྲུང་གོ་གོ་མེན་ཏང་གི་མཚན་འཛིན་ཀྲུའུ་ཞིའི་འགན་འཁུར་བར་རྟེན་འབྲེལ་ཞུས་པ་དང་། ལེན་ཀྲན་དང་བུའུ་པའོ་ཞོན་གཉིས་ཀྱིས་འཕྲིན་ལན་བཏང་ནས་བཀའ་དྲིན་ཆེ་ཞུས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག