མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ནས་ལོ་གཅིག་སོང་རིང་གི་རྣམ་པ་གསར་པ་དང་དར་སྲོལ་གསར་པ། འཕེལ་རིམ་གསར་པ།

རྩོམ་པ་པོ། ཡིག་སྒྱུར། ལྷག་པ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་བ།  2013-11-09 16:16

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ་སྤྱི་ཚེས་༩ཉིན་འཚོགས་པ་དང་། འཛམ་གླིང་ཡོངས་ནས་རྒྱས་ཚོགས་དེར་དོ་ཁུར་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་ད་ལྟའི་བར་གྱི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་བརྟན་དབུ་ཁྲིད་དང་ཚན་རིག་དང་མཐུན་པའི་བཀོད་ཇུས་གནང་བའི་འོག སྲིད་ཇུས་གསར་པ་རྒྱུན་ཆད་མེད་པ་བཏོན་གནང་བ་དང་། བརྟན་པོའི་ཁྲོད་ཡར་རྒྱས་དང་། བརྟན་པོའི་ཁྲོད་གྲུབ་འབྲས་ཐོན་པ། འགོ་གསར་པ་བཙུགས་པ། དར་སྲོལ་གསར་པ་བཙུགས་པ་བཅས་ལས་དོན་ཁག་ལ་འཕེལ་རིམ་གསར་པ་ཐོན་ཡོད་པ་རེད།

    སྤྱི་ལོ་༢༠༡༣ལོའི་ཟླ་༤ཚེས་༡༩ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་སྐོང་འཚོགས་གནང་ནས། སྤྱི་ལོ་༢༠༡༣ལོའི་ལོ་སྨད་ནས་བཟུང་། ལོ་གཅིག་གི་དུས་ཚོད་སྤྱད་དེ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་གནང་བ་རེད། དེའི་གོང་དུ་སྐབས་གསར་པའི་ཆབ་སྲིད་ཅུས་འགན་གནས་ཐོག་སླེབས་མ་ཐག་གཏན་འབེབས་དོན་ཚན་བརྒྱད་བཏོན་པ་དང་། གཞུང་དོན་བྱེད་སྒོའི་གནས་ཚུལ་ཆུང་ཙག་ནས་འགོ་བཙུགས་པ་དང་། གཞན་སྐྱོན་མ་བརྗོད་སྔོན་ལ་རང་སྐྱོན་བརྗོད་པ། ཀྲུང་དབྱང་གིས་མིག་དཔེ་སྟོན་པ་བཅས་བྱས་ནས་སྤྱོད་ཚུལ་ལེགས་འགྱུར་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད་པ་རེད།

    སྤྱོད་ཚུལ་ལེགས་འགྱུར་ལ་བརྟེན་ནས་ལྟ་བ་བརྗེ་སྒྱུར་ལ་སྐུལ་ཁྲིད་བྱས་པ་དང་། དར་སྲོལ་བཟང་བ། བྱ་སྤྱོད་སྔར་བས་བློ་ཐག་ཆོད་པོ་བྱུང་ཡོད། དངོས་གཉེར་དང་སྤྱོད་གཙང་། ཡར་བརྩོན། གསར་སྐྲུན་བཅས་ཀྱི་བསམ་པའི་སྟོབས་ཤུགས་ཀྱི་སྐུལ་སློང་འོག དཔལ་འབྱོར་སྤྱི་ཚོགས་དང་དམངས་འཚོ་སོགས་བྱ་གཞག་ཁག་གོང་འཕེལ་གྱི་བར་ཁྱམས་གསར་པར་སླེབས་ཡོད་པ་རེད།

    ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ལས་ཁུངས་བསྒྱུར་བཅོས་དང་འགན་ནུས་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་གཞི་གཙོ་བོར་གཏན་འཁེལ་གནང་བ་དང་། ལོ་ཕྱེད་ལྷག་སོང་རིང་། སྲིད་འཛིན་ཞིབ་མཆན་རྣམ་གྲངས་༣༣༤མེད་པ་བཟོས་པའམ་གཤམ་སྤྲོད་བྱས་ཡོད། སྤྱི་ཟླ་༩པར་སྒོ་བྱང་བཀལ་བའི་ཧྲང་ཧེ་རང་མོས་ཉོ་ཚོང་ཁུལ་གྱིས་ཤུགས་རྐྱེན་ངན་པའི་རྩིས་ཐོ་ཞེས་པའི་དོ་དམ་རྣམ་པ་འཚོལ་ཞིབ་བྱས་པ་དང་། ཁེ་ལས་ནས་བྱེད་མི་རུང་བ་གང་ཡིན་མིན་ཐད་ཚད་བཀག་བཟོས་པ་དང་། རང་འགུལ་དབང་ཆ་དང་གཏན་འབེབས་དབང་ཆ་སྔར་བས་མང་བ་ཁེ་ལས་དང་ཁྲོམ་རར་གཤམ་སྤྲོད་བྱས་ཡོད་པ་རེད།

    དཔལ་འབྱོར་གོང་འཕེལ་གྱི་མཐར་གཏུགས་དམིགས་འབེན་ནི་ཀྲུང་གོ་བ་དུང་ཕྱུར་༡༣གྱི་འཚོ་བ་སྔར་བས་ལྷག་པ་ཡོང་བ་བྱ་རྒྱུ་དང་། མང་ཚོགས་རྣམས་ལ་གོང་འཕེལ་གྱི་གྲུབ་འབྲས་སྔར་བས་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་དེ་ཡིན། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་གོང་འཕེལ་འཐབ་ཇུས་རིག་ལམ་རིམ་བཞིན་ཁ་གསལ་དུ་ཕྱིན་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་གྲོང་ཁྱེར་དང་གྲོང་གསེབ་དུ་ཁྱབ་ཐུབ་པ་བྱུང་ཡོད།

    ལོ་ལྔའི་རིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ནད་གཞི་ཆེ་གྲས་སྨན་བཅོས་འགན་བཅོལ་ལ་སྤྱི་ཡོངས་ནས་སྐུལ་འདེད་དང་། གཞི་རྩའི་རྒན་གསོའི་མ་དངུལ་རྒྱལ་ཡོངས་གཅིག་འགྱུར་འཆར་འགོད་ཇུས་གཞི་ཞིབ་བཟོ་བྱ་རྒྱུ་སོགས་བསྒྱུར་བཅོས་ཀྱི་གཙོ་གནད་དུ་བཞག་པ་དང་དུས་མཚུངས་གོ་རིམ་ལྡན་པའི་ངང་གཞུང་གི་བོག་གཏོང་སྡོད་ཁང་དང་། ཁང་གླ་དམའ་བའི་སྡོད་ཁང་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་བཏང་བ། སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་འཐུས་ཚང་འཛུགས་པ་བཅས་བྱས་ཡོད་ཅིང་། ཕྱོགས་ཡོངས་ལ་ཁྱབ་པ་དང་གཞི་རྩ་འགན་ལེན་བྱེད་པའི་དམངས་ཀྱི་འཚོ་བའི་བདེ་འཇགས་འགན་སྲུང་དྲ་བ་ཞིག་རིམ་བཞིན་གྲུབ་བཞིན་ཡོད་པ། གྲོང་ཁྱེར་དང་གྲོང་གསེབ་གཅིག་འགྱུར་ཡིན་པའི་ཐེམ་ཐོ་ཐོ་འགོད་ལམ་ལུགས་འཛུགས་རྒྱུར་འཚོལ་ཞིབ་བྱས་པས། ཐོག་མའི་ཆ་ནས་ཞིང་ལས་མི་འབོར་གྲོང་རྡལ་དུ་ཐེམ་ཐོ་སྤོ་རྒྱུར་ཐབས་ལམ་གཏོད་ཡོད་པ་རེད།

    ཚོགས་ཆེན་བཅོ་བརྒྱད་པ་ནས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོག་པའི་བར་གྱི་ལོ་གཅིག་ལ་ཉེ་བའི་དུས་ཚོད་ནང་། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་སྔར་ནས་ད་བར་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱིས་བརྟག་དཔྱད་ཞིབ་འཇུག་དང་བསམ་གཞིགས་གྲོས་བསྡུར་གཟབ་ནན་དང་ཞིབ་ཚགས་ཆེ་ཤོས་བྱེད་པའི་བརྗོད་གཞི་གཙོ་བོའི་གྲས་ཤིག་ཡིན་པ་རེད།

    ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་མ་ལག་ཆེན་པོ་གཉིས་པ་དེ་ཡིན་ལ། འཛམ་གླིང་ཐོག་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དེའང་ཡིན་པས། མདུན་དུ་འགྲན་རྩོད་དྲག་པོ་འཕྲད་ཡོད། ང་ཚོས་སྔར་བཞིན་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་། ང་ཚོའི་ཡིད་ཆེས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་བརྟན་དབུ་ཁྲིད་ལས་བྱུང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྤྱིའི་བགོ་གྲངས་ཆེ་ཤོས་ལས་བྱུང་བ་ཞིག་ཡིན་ཞིང་། དེ་ནི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པ་དེ་ཡིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག