མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་གིས་དངུལ་བཏང་ནས་བཀྲ་ཤིས་བདེ་ལེགས་ཞུ་བའི་ཁ་ཤོག་ཉོ་མི་ཆོག་པའི་བླང་བྱ་བཏོན་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-11-02 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ་10པའི་ཚེས་31ཉིན་གཞུང་དངུལ་བཏང་ནས་བཀྲ་ཤིས་བདེ་ལེགས་ཞུ་བའི་ཁ་ཤོག་སོགས་དངོས་པོ་པར་བཟོ་བྱེད་པ་དང་བསྐུར་མི་ཆོག་པའི་སྐོར་གྱི་བརྡ་ཐོ་བཏང་ཡོད་པ་རེད། བརྡ་ཐོའི་ནང་། རིམ་ཁག་ཏང་སྲིད་ལས་ཁུངས་དང་། གཞུང་ཁོངས་ཁེ་ལས་དང་བྱ་བཞག་ཚན་པ། དངུལ་རྩའི་ལས་ཁུངས་བཅས་ནས་གཞུང་དངུལ་བཏང་སྟེ་བཀྲ་ཤིས་བདེ་ལེགས་ཞུ་བའི་ཁ་ཤོག་སོགས་དངོས་པོ་ཉོ་བ་དང་། པར་བཟོ་བྱེད་པ། བསྐུར་བ་བཅས་བྱེད་མི་ཆོག་པ། ཕྱི་དོན་དང་། ཤང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་བྱ་དོན། ཕྱིར་སྡོད་སྤུན་ཟླའི་བྱ་དོན་སོགས་ཀྱི་ལས་དོན་དགོས་མཁོ་ཡོད་ཚེ་ཚོད་འཛིན་དེའི་ནང་ཚུད་མེད་པ་དང་། འོན་ཀྱང་གྲོན་ཆུང་བྱ་རྒྱུ་དར་སྤེལ་གཏོང་དགོས། ནོར་དཔལ་སྒྲིག་ལམ་ནན་པོ་བཟོ་བ་དང་། ཞིབ་རྩིས་དང་ལྟ་སྐུལ་ཤུགས་ཆེར་གཏོང་བ། འབྲེལ་ཡོད་འགྲོ་གྲོན་གཞན་དུ་སྒྱུར་བའམ་ཁ་བགོས་བྱེད་མི་ཆོག་པ། ཚང་མ་གཞུང་དངུལ་གྱི་ཐོག་ནས་རྩིས་ཞུ་བྱེད་མི་ཆོག་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

བརྡ་ཐོའི་ནང་། རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་རྒྱུན་མཐུད་ངང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། དུས་ཐོག་ཏུ་གནད་དོན་ཤེས་རྟོགས་བྱས་ནས། ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། སྤྱོད་ཚུལ་དང་སྒྲིག་སྲོལ་ལས་བརྒལ་མཁན་ཤེས་རྟོགས་རེ་བྱུང་ཚེ། ཞིབ་བཤེར་ཐག་གཅོད་རེ་བྱེད་པ་དང་། འགན་འཁྲི་རྩད་གཅོད་ནན་པོ་བྱས་ཏེ། དཔེ་མཚོན་གྱི་གྱོད་གཞི་བརྡ་ཁྱབ་དང་ཡོངས་བསྒྲགས་བྱེད་དགོས། སྤྱོད་ཚུལ་ལེགས་བཅོས་ཀྱི་ཕན་འབྲས་དངོས་ཀྱི་ཐོག་ནས། ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་སྙིང་སྟོབས་དོན་འཁྱོལ་བྱེད་པའི་གྲུབ་འབྲས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག