མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་བ་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-31 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྤྱི་ཟླ10བའི་ཚེས29ཉིན་གྱི་ཕྱི་དྲོར་སྡོད་ཁང་འགན་སྲུང་མ་ལག་མྱུར་དུ་འཛུགས་སྐྲུན་དང་མཁོ་སྤྲོད་མ་ལག་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་བ་སྤེལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སློབ་སྦྱོང་ལ་མགོ་འཛིན་མཛད། ཁོང་གིས་སྡོད་ཁང་འགན་སྲུང་མ་ལག་མྱུར་དུ་འཛུགས་སྐྲུན་དང་མཁོ་སྤྲོད་མ་ལག་འཛུགས་སྐྲུན་བྱེད་རྒྱུ་ནི་མང་ཚོགས་ཀྱི་གཞི་རྩའི་སྡོད་ཁང་གི་དགོས་མཁོ་སྐོང་བ་དང་། མི་དམངས་ཡོངས་ལ་སྡོད་ཁང་ཡོད་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་དྲང་བདེན་དང་དྲང་གཞག་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་རྣམས་བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་ཉམས་སུ་མྱོང་བར་ཁག་ཐེག་བྱེད་པའི་དགོས་ངེས་ཀྱི་རེ་བའང་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། དམིགས་འབེན་དང་ལས་འགན། སྲིད་ཇུས། བྱེད་ཐབས་བཅས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཧུར་ཐག་སྒོས་སྡོད་ཁང་འགན་སྲུང་དང་མཁོ་སྤྲོད་མ་ལག་འཛུགས་སྐྲུན་བྱེད་རྒྱུ་དེ་ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་དམངས་ཕན་བཟོ་སྐྲུན་ཞིག་ཏུ་བསྒྱུར་དགོས་ཞེས་ནན་གྱིས་བསྟན།

ཆིན་ཧྭ་སློབ་གྲྭ་ཆེན་མོའི་ས་ཤིང་ཆུ་བེད་སློབ་གླིང་གི་དགེ་རྒན་ཆེན་མོ་ལིག་ཧུང་ཡུས་དང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆིན་ཧུང་གིས་གནད་དོན་དེའི་ཐད་ལ་འགྲེལ་བཤད་བྱས་པར་མ་ཟད། ཁོ་ཚོའི་བསམ་འཆར་དང་གྲོས་གཞི་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམ་པས་ཁོ་ཚོའི་འགྲེལ་བཤད་ལ་ཞིབ་ཏུ་ཉན་པར་མ་ཟད། འབྲེལ་ཡོད་གནད་དོན་ཐད་ལ་གྲོས་བསྡུར་བྱས།

ཞི་ཅིན་ཕེན་གྱིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་གསུང་བཤད་གནང་། ཁོང་གིས་གསུངས་རྒྱུར། སྡོད་ཁང་གནད་དོན་ནི་དམངས་འཚོའི་གནད་དོན་ཞིག་ཡིན་ལ། འཕེལ་རྒྱས་ཀྱི་གནད་དོན་ཞིག་ཡང་ཡིན་པས། ཁྱིམ་ཚང་ཁྲི་སྟོང་མང་པོའི་ཁེ་ཕན་དངོས་དང་འབྲེལ་བ་ཡོད་ལ། མི་དམངས་བདེ་སྡོད་ལས་བརྩོན་བྱེད་པ་དང་འབྲེལ་བ་ཡོད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པར་མ་ཟད། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བ་དང་འབྲེལ་བ་ཡོད། ཏང་དང་རྒྱལ་ཁབ་ཀྱིས་ནམ་ཡིན་རུང་མང་ཚོགས་ཀྱི་སྡོད་ཁང་གནད་དོན་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པས། ང་ཚོས་ངེས་པར་དུ་ཆོད་སེམས་བརྟན་པོ་བཅངས་པ་དང་། སྟོབས་ཤུགས་ཡོད་དགུ་བཏོན་ནས་སྡོད་ཁང་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་སྣ་ཚོགས་ཐག་གཅོད་བཟང་བོ་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག