མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཉེན་རྟོག་ཕྱོགས་ནས་སྤྱི་ཟླ10ཚེས28ཉིན་གྱི་པེ་ཅིན་འཇིགས་སྐུལ་འཇབ་རྒོལ་གྱི་གྱོད་དོན་རྩད་གཅོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-31 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཟླ10བའི་ཚེས30ཉིན་པེ་ཅིན་གྲོང་ཁྱེར་སྤྱི་བདེ་ཅུའི་གསར་འགྱུར་མགྲིན་ཚབ་ཁྲུའུ་ནས་ཤེས་རྟོགས་བྱུང་བར། ཉེན་རྟོག་ཕྱོགས་ནས་སྤྱི་ཟླ10བའི་ཚེས28ཉིན་གྱི་དོན་རྐྱེན་དེ་ནི་ཇུས་འགོད་ཞིབ་ཚགས་བྱས་པ་དང་སྒྲིག་འཛུགས་ཡོད་པ། ལྐོག་གཡོའི་གྲ་སྒྲིག་ཡོད་པ་བཅས་ཀྱི་དྲག་ཤུགས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་ཡིན་པར་ཐོག་མའི་གཏན་འཁེལ་བྱས་ཡོད་པ་རེད།

མིག་སྔར་གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་མི་སྣའི་འབྲེལ་ཡོད་གནས་ཚུལ་ཐོག་མའི་ཆ་ནས་ཞིབ་བཤེར་གསལ་པོ་ཐུབ་ཟིན་ཞིང་། བྲོས་བྱོལ་དུ་ཕྱིན་པའི་གྱོད་གཞིའི་འབྲེལ་ཡོད་མི་ལྔ་ཡོད་པ་ཚང་མ་འཇུ་བཟུང་བྱས་ཡོད་པ་རེད། སྤྱི་ཟླ10བའི་ཚེས28ཉིན་རླངས་འཁོར་བཏང་ནས་རྡུང་ཏེ་མི་ཤི་རྨས་བཟོས་པའི་དོན་རྐྱེན་ཐོན་རྗེས་པེ་ཅིན་ཉེན་རྟོག་ཕྱོགས་ནས་འཕྲལ་དུ་བྱ་སྤྱོད་བཟུང་ཏེ། ས་གནས་མང་པོའི་སྤྱི་བདེ་ལས་ཁུངས་དང་མཉམ་དུ་མཚན་སྐྱོང་ཐོག་ལས་ཀ་བྱས་ཡོད་པ་རེད།

ས་ཆ་དངོས་ལ་ཞིབ་དཔྱད་བྱས་པ་བརྒྱུད། པེ་ཅིན་ཉེན་རྟོག་ཕྱོགས་ནས་དོན་རྐྱེན་བཟོ་མཁན་གྱིས་བཏང་བའི་རླངས་འཁོར་ནི་ཤིང་ཅང་གི་ཨང་རྟགས་ཐོགས་པའི་འཇིབ་ཆུང་རླངས་འཁོར་ཞིག་ཡིན་པ་དང་། རླངས་འཁོར་ནང་ནས་ས་སྣུམ་དང་ས་སྣུམ་བླུག་སའི་སྣོད་ཆས། གྲི་གཉིས། ལྕགས་ཀྱི་བེར་རྒྱུག་བཅས་ཡོད་པ་དང་། རླངས་འཁོར་ཐོག་ད་དུང་ཐལ་སྐྱོད་ཆོས་ལུགས་ཀྱི་ནང་དོན་བྲིས་པའི་དར་ཆ་ཡང་ཡོད་པ་རེད། མྱུལ་ཞིབ་གཏིང་ཟབ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། སྤྱི་ཚེས28ཉིན་གྱི་ཆུ་ཚོད་༡༢ཙམ་ལ་དབུ་སི་མན་ཨེ་ཧྲན་དང་ཁོ་པའི་ཨ་མ་ཁུ་ཧན་ར་དབྱི་མུ། དེ་བཞིན་ཁོ་པའི་སྐྱེན་དམན་ཁུལ་ལི་ཁེ་ཙེ་ཨེ་ཉི་བཅས་མི་གསུམ་གྱིས་འཇིབ་ཆུང་རླངས་འཁོར་བཏང་ནས་ཁྲང་ཨན་ཁྲོམ་གཞུང་དུ་ཡོང་པ་དང་། ལམ་བར་རླངས་འཁོར་མགྱོགས་པོ་བཏང་ཏེ་རྐང་བཙུགས་ནས་མིར་རྡུང་མཐར། མི2ཤི་བ་དང་མི40ལ་རྨས་སྐྱོན་བཟོས་ཡོད་པ་རེད། དོགས་ཡོད་ཉེས་ཅན་པས་རླངས་འཁོར་བཏང་ནས་ཅིང་ཧྲུའེ་ཟམ་པའི་ར་སྐྱོར་ལ་རྡུང་པ་དང་རླངས་འཁོར་ནང་གི་ས་སྣུམ་ལ་མེ་སྤར་ཏེ་རླངས་འཁོར་མེར་བསྲེགས་པ། རླངས་འཁོར་ནང་གི་དབུ་སི་མན་ཨེ་ཧྲན་སོགས་མི3རང་སར་ཤི་ཡོད་པ་རེད།

ཤིན་ཅང་སོགས་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་འོག པེ་ཅིན་ཉེན་རྟོག་ཕྱོགས་ནས་དང་ཐོག་གཡུས་ཅང་ཧྲན་ཝུ་ཞུར་དང་། ཀུ་ལི་ནར་ཐོ་ཧུའུ་ཐེ་ཉི་ཡ་ཙེ། གཡུས་སུ་ཕུ་ཝུ་མེར་ཉི་ཡ་ཚེ། པུ་ཅན་ནེ་ཐེ་ཨབ་ཏུ་ཁེ་ཏེར། གཡུས་སུ་ཕུ་ཨེ་ཧ་མེ་ཐེ་སོགས་མི5འཇུ་བཟུང་བྱས་ཡོད་པ་རེད།

ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་པ་གཡུས་ཅང་ཧྲན་ཝུ་ཞུར་སོགས་ཀྱིས་ཁོ་ཚོ་དང་ཉེས་གསོག་མི་སྣ་དང་ངོ་གང་འདྲ་ཤེས་ཚུལ་དང་མཉམ་དུ་དྲག་ཤུགས་ཀྱི་འཇིགས་སྐུལ་འཇབ་རྒོལ་བྱེད་རྒྱུའི་ཇུས་འགོད་གང་འདྲ་བྱས་ཚུལ་ངོས་ལེན་ཞུས་པ་མ་ཟད། དབུ་སི་མན་ཨེ་ཧྲན་སོགས་ཀྱིས་པེ་ཅིན་ལ་དྲག་པོའི་འཇིགས་སྐུལ་བྱ་སྤྱོད་སྤེལ་ནས་ཆུ་ཚོད10ལས་མ་སོན་པར་ཉེན་རྟོག་གིས་ཁོ་ཚོ་འཇུ་བཟུང་བྱེད་ཐུབ་རྒྱུ་རེད་བསམ་མ་བྱུང་ཞེས་བཤད་ཡོད་པ་རེད། མིག་སྔར་དོགས་ཡོད་མི་སྣའི་གནས་སྐབས་སྡོད་ས་ནས་བསྟན་སྲུང་སྒྲིག་འཛུགས་ཀྱི་དར་ཆ་དང་གྲི་སོགས་ཀྱི་དངོས་པོ་རྙེད་ཡོད་པ་དང་། གྱོད་གཞིར་མུ་མཐུད་ཞིབ་བཤེར་བྱེད་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག