མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཁྱབ་ཁོངས་མང་པོའི་ནང་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ལ་འགག་གཏོར་ཐུབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-27 10:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་འདི་ཤར་ཚུན་མ་གཞི་དཔལ་འབྱོར་གོང་འཕེལ་འགྲོ་འགོར་དུ་གཏོང་བའི་གནོན་ཤུགས་ཅུང་ཆེན་པོ་ཡོད་ནའང་རང་རྒྱལ་གྱི་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པ་དང་། ལྷག་པར་དུ་དུས་ཡུན་རིང་པོའི་ནང་དཔལ་འབྱོར་གོང་འཕེལ་ལ་ཚད་བཀག་ཐེབས་པའི་ཁྱབ་ཁོངས་ཁག་ཅིག་ནང་འགག་གཏོར་རབ་དང་རིམ་པ་ཐུབ་ཡོད།

རྒྱལ་ཁབ་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་རེས་འཁོར་གསར་པའི་སྒྱུར་བཅོས་ཆེན་པོ་འགོ་ཚུགས་པ་དང་། གཙོ་གནད་ཁྱབ་ཁོངས་ཁག་ཅིག་གི་སྒྱུར་བཅོས་ཏན་ཏན་ཏིག་ཏིག་སྒོ་ནས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། བརྗེ་སྒྱུར་རིམ་འཕར་ལ་རྒྱབ་ཤུགས་དང་གསོན་ཤུགས་གསར་པ་སྣོན་ཡོད་ཅེས་གསུངས་པ་རེད།

རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུད་ཀྱི་གནས་ཚུལ་གསར་ཤོས་ལ་གཞིགས་ན། རྒྱལ་ཡོངས་ཁྱབ་ཁོངས་ནང་ནང་འདྲེན་ལྷུག་གཏོང་དང་དོ་དམ་ནན་པོ་བྱེད་པའི་བཟོ་ཚོང་ཐོ་འགོད་ལམ་ལུགས་ལ་སྒྱུར་བཅོས་བྱེད་གྲབས་ཡོད་པ་རེད།

བཟོ་ཚོང་ཐོ་འགོད་ལམ་ལུགས་སྒྱུར་བཅོས་བྱ་རྒྱུ་ནི་སྲིད་འཛིན་ཞིབ་མཆན་ལམ་ལུགས་ལ་སྒྱུར་བཅོས་དང་སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་བྱེད་པའི་སྐར་ཁུང་ལྟ་བུ་ཞིག་ཡིན། སྐབས་འདིའི་སྲིད་གཞུང་གིས་བསྒྲུབ་དགོས་པའི་དོན་ཆེན་དང་པོ་ནི་སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་གྱིས་སྲོག་ཤིང་བྱས་ཏེ། སྲིད་འཛིན་དོ་དམ་གྱི་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་དེ་རེད། ལོ་འདི་ཤར་ཚུན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཞིབ་མཆན་འགོད་པའི་རྣམ་གྲངས་༢༠༠ལྷག་ཙམ་གཤམ་སྤྲོད་དང་མེད་པ་བཟོས་པ་དང་། དེའི་དམིགས་ཡུལ་ནི་སྲིད་འཛིན་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་པ་བརྒྱུད་གཤམ་སྤྲོད་བྱེད་དགོས་ངེས་ཡིན་པའི་དབང་ཆ་གཤམ་སྤྲོད་དང་གནད་ལ་འཁེལ་བ་ཡོང་བ་བྱེད་པ་དང་། དོ་དམ་བྱེད་དགོས་ངེས་ཡིན་པའི་དོན་དག་དོ་དམ་ཡག་པོ་བྱེད་པ་དང་གནད་ལ་འཁེལ་བ་བྱས་ཏེ། རིགས་མི་འདྲ་བའི་ཁེ་ལས་ལ་གཞུང་དྲང་གི་འགྲན་རྩོད་བྱེད་པའི་ཁོར་ཡུག་ཅིག་གཏོད་དགོས་པ་དང་། ཁྲོམ་རའི་གཙོ་གཟུགས་ཀྱི་གསར་གཏོད་དང་གསོན་ཤུགས་འདོན་སྤེལ་བྱ་རྒྱུ་དེ་ཡིན་པ་རེད།

ཀྲུང་དབྱང་ལས་ཁུངས་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་འགན་འཁུར་བས་ཉིན་ཤས་གོང་ཟུར་གསལ་གནང་བར། ཀྲུང་དབྱང་སྲིད་གཞུང་གི་སྲིད་འཛིན་ཞིབ་མཆན་འགོད་པའི་རྣམ་གྲངས་ཀྱི་མིང་ཐོ་ཞེས་པ་ཕྱོགས་བསྒྲིགས་བྱས་ནས་སྒྱུར་བཅོས་ཀྱི་དམིགས་འབེན་གཏན་འཁེལ་བྱེད་བཞིན་ཡོད་པས་རྣམ་གྲངས་དེ་དག་མང་ཚོགས་ཀྱི་མདུན་དུ་སྟོན་ནས་སྤྱི་ཚོགས་ཡོངས་ཀྱིས་ལྟ་སྐུལ་བྱེད་དུ་འཇུག་རྒྱུ་ཡིན་པ་རེད།

སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་ད་ལོའི་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཀྱི་ཁྱད་ཆོས་གསར་པ་གཞན་ཞིག་ལ་འགྱུར་བ་བྱ་རྒྱུ་དང་། སྤྱི་ཟླ9པའི་ཚེས29ཉིན་ཀྲུང་གོའི་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་དངོས་སུ་འགོ་བཙུགས་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས36ལ་ཁག་དང་པོའི་ལས་གཉེར་ལག་ཁྱེར་རག་ཡོད། འདི་གར་རྒྱལ་ནང་དུ་མ་འཇོག་གི་ལྡོག་ཕྱོགས་རྩིས་ཁྲ་ཞེས་པ་ཐེངས་དང་པོར་ཚོད་ལྟ་ལག་བསྟར་བྱ་རྒྱུ་མ་ཟད། ཕྱི་རྒྱལ་ཚོང་པས་མ་འཇོག་བྱས་པའི་རྣམ་གྲངས་དེ་ཞིབ་བཤེར་ཆོག་མཆན་སྤྲོད་པའི་ལམ་ལུགས་ནས་སྙན་གསེང་ཐོ་འགོད་བྱེད་པའི་ལམ་ལུགས་ལ་བསྒྱུར་ནས་མ་འཇོག་བྱེད་མཁན་མང་པོའི་བློ་ཡིད་འགུག་རྒྱུ་ཡིན་པ་རེད།

ཚོང་དོན་པུའི་པུའུ་ཀྲང་ཀའོ་ཧུའུ་ཁྲེང་གིས་ཀྲུང་གོའི་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་བཙུགས་པ་དེས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་སྔར་བས་རྒྱ་ཆེར་བཏང་སྟེ་ལམ་ལུགས་གསར་གཏོད་དང་། ཐབས་ལམ་གསར་པ་འཚོལ་ཞིབ། ཉམས་མྱོང་གསར་པ་གསོག་འཇོག་བྱ་རྒྱུ་ཡིན་པས་དཔལ་འབྱོར་གྱི་གསོན་ཤུགས་འདོན་སྤེལ་དང་ལམ་ལུགས་ཁེ་སྤོགས་གསར་གཏོད་བྱ་རྒྱུར་གལ་ཆེའི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད།

རྒྱལ་ཁབ་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་དཔལ་འབྱོར་སྒྲིག་གཞི་དང་དོ་དམ་ཞིབ་འཇུག་ཁང་གི་འགོ་འཛིན་ཉལ་ཀའོ་མིང་གིས་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་པའི་སྤྱིའི་ཇུས་འགོད་གསར་པའི་འོག་དུས་ཡུན་རིང་པོའི་ནང་ཀྲུང་གོའི་དཔལ་འབྱོར་གྱི་གོང་འཕེལ་ལ་ཚད་བཀག་ཐེབས་པའི་བང་རིམ་གཏིང་ཟབ་པའི་སྒྲིག་གཞི་དང་ལམ་ལུགས་ཀྱི་འགོག་རྐྱེན་འགག་གྲོལ་ཡོང་བ་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་བརྗེ་སྒྱུར་རིམ་འཕར་དང་། སྤུས་ཚད་མཐོ་ལ་ཕན་འབྲས་བཟང་པོ་ཐོན་རྒྱུར་སྒུལ་ཤུགས་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག