མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་དུས་རིམ་གསར་པའི་དབུལ་སྐྱོར་གསར་སྤེལ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-19 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ2011ལོར། སྤྱི་ལོ2011ལོ་ནས་སྤྱི་ལོ2020ལོའི་བར་གྱི་ཀྲུང་གོའི་གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་རྩ་གནད་ཅེས་པ་དེ་དངོས་སུ་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དེ་ནི་དུས་སྐབས་གསར་པའི་རང་རྒྱལ་གྱི་དབུལ་སྐྱོར་གསར་སྤེལ་གྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པ་དང་རྩ་གནད་གསར་པ་དེ་ལག་བསྟར་བྱས་ནས་ལོ་་གཉིས་སོང་རིང་རང་རྒྱལ་གྱི་དབུལ་སྐྱོར་གསར་སྤེལ་བྱ་གཞག་ལ་སྐུལ་འདེད་བརྟན་པོ་ཐེབས་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

ལོ་གཉིས་སོང་རིང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱིས་ཀྲུང་དབྱང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་ཞིང་ཆེན་རིམ་པའི་དབུལ་སྐྱོར་གསར་སྤེལ་རྩ་གནད་དང་འཆར་འགོད་དམ་ལག་བསྟར་བསམ་འཆར་བཏོན་ཡོད་པ་རེད། དུས་སྐབས་གསར་པའི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ས་གཙོ་བོ་ནི་ཡུག་འབྲེལ་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་ཡིན་ཞིང་ལོ་གཉིས་སོང་རིང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་དང་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་བྱས་ནས་འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ནས་ཡུག་འབྲེལ་ས་ཁུལ་༡༡གི་ས་ཁོངས་གོང་འཕེལ་དང་དབུལ་སྐྱོར་འགག་གཏོར་འཆར་འགོད་བཟོ་རྒྱུར་མཛུབ་ཁྲིད་བྱས་པ་མ་ཟད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་འགོད་བཀའ་ལན་ཐོབ་ཡོད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་དུང་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་བཞི་དང་། ཤིན་ཅང་གི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་རྣམ་གྲངས་འཛུགས་སྐྲུན་གྱི་འཆར་འགོད་ལ་ཆེད་མངག་མཆན་འགོད་བཀའ་ལན་བྱས་ཡོད་པ་རེད།

མིག་སྔར། ཡུག་འབྲེལ་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་བཅུ་བཞིའི་འཆར་འགོད་ཡོངས་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་རེད། འབྲེལ་ཡོད་སྡེ་ཁག་གིས་དབུལ་ཕོངས་ས་ཁུལ་ལ་ཁ་ཕྱོགས་པ་དང་ལྷག་དོན་དུ་ཡུག་འབྲེལ་དམིགས་བསལ་དབུལ་ཕོངས་ས་ཁུལ་ལ་ཟུར་སྐྱོར་བྱེད་པའི་སྲིད་ཇུས་བཏོན་ཡོད་པ་རེད། དབུལ་ཕོངས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ཀྲུང་དབྱང་དང་ས་གནས་ཀྱིས་དབུལ་སྐྱོར་གསར་སྤེལ་ལ་མ་དངུལ་འཇོག་ཤུགས་དེ་བས་ཆེ་རུ་བཏང་ཡོད་པ་རེད། སྤྱི་ལོ2012ལོར་ཀྲུང་དབྱང་ནོར་སྲིད་ནས་ཕྱོགས་བསྡུས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར2996བཏང་ཡོད་པ་དང་ལོ་གོང་མའི་དུས་མཚུངས་དང་བསྡུར་ན31.9%འཕར་ཡོད་པ་དང་དེའི་ནང་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར332ཟིན་པ་དང23%འཕར་ཡོད་པ་རེད། ས་གནས་རིམ་ཁག་སྲིད་གཞུང་གིས་ཀྱང་དབུལ་སྐྱོར་གསར་སྤེལ་མ་དངུལ་ཆེས་ཆེར་མང་དུ་བཏང་ཡོད་ཅིང་སྤྱི་ལོ2012ལོར་པེ་ཅིན་དང་ཐན་ཅིན། ཧྲང་ཧེའི་བཅས་གསུམ་མ་ཚུད་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས28ཀྱིས་རིམ་པ་དེ་རང་གི་ནོར་སྲིད་སྔོན་རྩིས་ནང་བཀོད་སྒྲིག་བྱས་པའི་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར147.8ཟིན་གྱི་ཡོད་པ་དང་ལོ་གོང་མའི་དུས་མཚུངས་དང་བསྡུར་ན45%འཕར་ཡོད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རིན་ཧྥན་ཞའོ་ཅན་གྱིས། ལོ་གཉིས་སོང་རིང་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ཁག་གི་འཕེལ་ཚུལ་བདེ་བླག་ཡིན་པ་དང་ཕན་འབྲས་མངོན་བསལ་དོད་པོ་ཐོན་ཡོད། སྒོར2300ཟིན་པའི་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཚད་གཞི་ལྟར་དབུལ་སྐྱོར་བྱེད་ཡུལ་ལ་སྤྱི་ལོ2010ལོའི་ལོ་མཇུག་ཏུ་མི་དུང་ཕྱུར1.66ཡིན་པ་ནས་མི་བྱེ་བ9.899ཉུང་དུ་ཕྱིན་པ་དང་དབུལ་ཕོངས་ཆག་ཚད17.2%ནས10.2%བར་ཆག་ཡོད་པ། ལོ་རེར་ཆ་སྙོམས་དབུལ་སྐྱོར་བྱེད་ཡུལ་མི་བྱེ་བ3.334ཉུང་དུ་ཕྱིན་ཡོད་པ་རེད། གཙོ་གནད་རྫོང་གི་ཞིང་པ་མི་རེའི་ཆ་སྙོམས་ཡོང་བབ་གཙང་མ་སྤྱི་ལོ2010ལོར་སྒོར3273ཡིན་པ་ནས་སྤྱི་ལོ2012ལོར་སྒོར4602བར་མང་དུ་ཕྱིན་པ། ལོ་རེར་ཆ་སྙོམས18.6%འཕར་ཡོད་པ། འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད་པ་རེད། དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཕེལ་ཚུལ་བཟང་པོ་ཐོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག