མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བློ་མཐུན་ཞི་ཀྲུང་ཞུན་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-16 15:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ཞི་ཀྲུང་ཞུན་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་སྤྱི་ཟླ10པའི་ཚེས15ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཁྱིམ་མི་ཡིན་པའི་ཆ་ནས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་བཞུགས་མོལ་ཚོགས་འདུར་ཞུགས།

ཞི་ཀྲུང་ཞུན་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་རླབས་ཆེ་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། ཕུལ་དུ་བྱུང་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ། རང་རེའི་ཏང་དང་དམག་དཔུང་གི་ཕུལ་བྱུང་ཆབ་སྲིད་བྱ་བའི་མགོ་ཁྲིད་པ། ཧྲན་ཞི་དང་ཀན་སུའུ་མཐའ་མཚམས་ཀྱི་གསར་བརྗེའི་གནས་གཞིའི་ས་ཁུལ་གྱི་གསར་སྐྲུན་མཁན་དང་མགོ་ཁྲིད་པ་གཙོ་བོའི་ནང་གི་གཅིག་ཡིན། ཁོས་སྔོན་ཆད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅུ་གཉིས་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་ལྔ་བ་དང་སྐབས་བདུན་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བཅས་ཀྱི་འགན་འཁུར།

བཞུགས་མོལ་ཚོགས་འདུའི་སྟེང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཅན་གོ་ཡིས་གཏམ་བཤད་དེ། ཞི་ཀྲུང་ཞུན་གྱི་འོད་སྟོང་འབར་བའི་གསར་བརྗེའི་བརྒྱུད་རིམ་དང་བཞག་པའི་བྱས་རྗེས་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་པ་དང་། ཞི་ཀྲུང་ཞུན་གྱི་བླ་མེད་ཀུན་སྤྱོད་དང་གསར་བརྗེའི་སྙིང་སྟོབས། ཕུལ་བྱུང་སྤྱོད་ཚུལ་བཅས་སློབ་སྦྱོང་དང་རྒྱུན་འཛིན། དར་སྤེལ་བྱེད་པའི་ཐད་ལ་རེ་བ་བཏོན།

ལིས་ཅན་གོ་ཡིས་བཤད་རྒྱུར། ང་ཚོའི་ཏང་དང་ང་ཚོའི་རྒྱལ་ཁབ། ང་ཚོའི་མི་དམངས་བཅས་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་འཕེལ་རིམ་བརྒྱུད་མྱོང་བ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་ལེན་པའི་རླབས་ཆེན་རྒྱང་བསྐྱོད་ཐབས་ལམ་མགོ་བརྩམས། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཏིན་ཞོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ལིག་ཡན་ཏུང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པ་དང་། ལིག་ཆི་པའོ་དང་ཀྲའོ་ལི་ཅི། ལིས་ཀྲན་ཧྲུའུ། ཏུའུ་ཆིན་ལིན། ཝང་ཀྲིན། ཁྲིན་ཡོན་སོགས་བཞུགས་མོལ་ཚོགས་འདུར་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག