མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་གོ་དང་ཐེ་གོ་རྒྱལ་ཁབ་གཉིས་ཀྱིས་ལམ་ཡིག་ཕལ་བ་འཛིན་པའི་མི་སྣར་འཐུས་མཆན་འགོད་མི་དགོས་པའི་བརྗེད་ཐོ་བཀོད་པ་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་གོར་དངོས་གཞིའི་འཚམས་འདྲི་མཛད་བཞིན་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ10བའི་ཚེས11ཉིན་ཀྲུང་གོ་དང་ཐེ་གོ་རྒྱལ་ཁབ་གཉིས་ཀྱིས་ལམ་ཡིག་ཕལ་བ་འཛིན་པའི་མི་སྣར་འཐུས་མཆན་འགོད་མི་དགོས་པའི་བརྗེད་ཐོ་བཀོད་པ་ཁྱབ་བསྒྲགས་བྱས། ཚེས་བཅུ་གཉིས་ཉིན་ལིས་ཁི་ཆང་གིས་མན་ཀུའུ་ནས་ཐེ་གོར་གནས་སྐོར་དུ་ཡོང་བའི་གནས་སྐོར་པ་དང་བརྗེ་རེས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་གནས་སྐོར་དང་འགྲོ་འོང་གི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་གནང་ཞིང་། ཁོ་ཚོ་ཚང་མ་ས་ཆ་དང་ཞིང་ཆེན་གང་དག་ནས་ཡོང་བ་དང་དེ་མིན་ཁོ་ཚོའི་ཐེ་གོར་གནས་སྐོར་དུ་ཡོང་སྐབས་ཀྱི་ལམ་ཡིག་དང་འགྲོ་ལུགས། འགྲོ་གྲོན་སོགས་ཀྱི་གནས་ཚུལ་ཞིབ་འདྲི་མཛད། ཀྲུང་གོའི་གནས་སྐོར་པས་ཙུང་ལི་ལ་བཤད་རྒྱུར། དེང་སྐབས་ཐེ་གོར་གནས་སྐོར་དུ་ཡོང་བའི་ལམ་ཡིག་སྒྲུབ་པའི་ཐད་ལ་མ་དངུལ་སྒོར་མོ་ཉིས་བརྒྱ་གཏོང་དགོས་པ་དང་། ད་རུང་ཉིན་འགའི་རིང་ལ་སྒུག་དགོས་ཟེར། ལིས་ཁི་ཆང་གིས་གསུངས་རྒྱུར། གལ་ཏེ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གནས་སྐོར་དུ་འགྲོ་བར་འཐུས་མཆན་འགོད་མི་དགོས་པར་བྱས་ཚེ། ཚང་མས་གནམ་གྲུ་སྤ་སེ་ཉོས་ཏེ་ཐེ་གོར་ཡོང་ཆོག་ཟེར། གནས་སྐོར་པ་ཞིག་གིས་བཤད་རྒྱུར། ཁོ་ནི་ཐེངས་དང་པོར་ཁྱིམ་མི་དང་མཉམ་དུ་ཐེ་གོར་གནས་སྐོར་དུ་ཡོང་བ་ཡིན་ལ། མ་འོངས་བར་ལམ་ཡིག་ལ་འཐུས་མཆན་འགོད་མི་དགོས་ཚེ་ཐེ་གོར་གནས་སྐོར་དུ་ཡོང་ན་སྟབས་ཇེ་བདེ་རུ་འགྱུར་ངེས་ཟེར།

ཐེ་གོར་ཐེ་གོའི་སྐད་རིགས་སྦྱོང་བཞིན་པའི་ཀྲུང་གོའི་སློབ་གྲྭ་ཆེན་མོ་བ་ཞིག་གིས་ཙུང་ལི་ལ་བཤད་རྒྱུར། ཁོ་མོ་དུས་རྒྱུན་དུ་ཀྲུང་གོ་དང་ཐེ་གོ་བར་དུ་འགྲོ་འོང་བྱེད་བཞིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་ལམ་ཡིག་ལ་འཐུས་མཆན་འགོད་མི་དགོས་པར་བྱས་ཚེ། རྒྱ་ཆེའི་མང་ཚོགས་རྣམས་ལ་སྟབས་བདེ་ཆེན་པོ་བཟོ་ཐུབ་ཟེར། ལིས་ཁི་ཆང་གིས་ཁོ་མོར་ཐེ་གོའི་སྐད་རིགས་སྦྱངས་ནས། ཀྲུང་གོ་དང་ཐེ་གོ་རྒྱལ་ཁབ་གཉིས་ཀྱི་བརྗེ་རེས་ཐད་བྱས་རྗེས་འཇོག་དགོས་པའི་སྐུལ་ལྕག་གནང་།

ལིས་ཁི་ཆང་གིས་གནས་སྐོར་པ་རྣམས་ལ་གནས་སྐོར་སྤྲོ་སྐྱིད་ལྡན་པའི་སྨོན་འདུན་ཞུས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག