མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཡའོ་ནན་གྱི་ཙུང་ལི་རོན་ཅིན་ཡུང་དང་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 11:13

117697587_11n.jpg

    སྤྱི་ཟླ10བའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཡའོ་ནན་གྱི་ཙུང་ལིའི་བཞུགས་ཤག་ནས་ཡའོ་ནན་གྱི་ཙུང་ལི་རོན་ཅིན་ཡུང་དང་གྲོས་མོལ་མཛད། པར་འདི་ནི་གྲོས་མོལ་མ་མཛད་པའི་སྔོན་ལ་རོན་ཅིན་ཡུང་གིས་ཡའོ་ནན་ཀྲུའུ་ཞིའི་བཞུགས་ཤག་ཐང་ཆེན་དུ་ལིས་ཁི་ཆང་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ10བའི་ཚེས13ཉིན་གྱི་ཕྱི་དྲོར་ཡའོ་ནན་གྱི་ཙུང་ལིའི་བཞུགས་ཤག་ནས་ཡའོ་ནན་གྱི་ཙུང་ལི་རོན་ཅིན་ཡུང་དང་གྲོས་མོལ་མཛད་པ་དང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡའོ་ནན་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་དགོངས་འཆར་བརྗེ་རེས་མཛད་པར་མ་ཟད་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་།

  གྲོས་མོལ་མཛད་སྐབས་ལིས་ཁི་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཁྱབ་ཁོངས་ཆེན་པོ་གསུམ་གྱི་མཉམ་ལས་ཐད་ཀྱི་གཞི་རྩའི་བསམ་གཞིགས་རྒྱས་བཤད་མཛད། གཅིག ཀྲུང་གོ་དང་ཡའོ་ནན་གྱིས་མཉམ་དུ་མཚོ་ངོས་གསར་སྤེལ་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད་མཉམ་དུ་གསར་སྤེལ་བྱེད་པའི་གྲོས་མོལ་བྱ་བའི་ཚན་ཁག་འཛུགས་དགོས། གཉིས། འཐབ་ཇུས་འཆར་འགོད་ལ་ཤུགས་བསྣན་ནས་རྨང་གཞིའི་སྒྲིག་ཆས་མཉམ་ལས་བྱ་བའི་ཚན་ཁག་འཛུགས་དགོས། གསུམ། དངུལ་ལོར་མཉམ་ལས་ལ་ཤུགས་བསྣན་ནས་ཀྲུང་གོ་དང་ཡའོ་ནན་དངུལ་ལོར་མཉམ་ལས་བྱ་བའི་ཚན་ཁག་འཛུགས་དགོས་པ་བཅས་རེད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་ཡའོ་ནན་ཕྱོགས་དང་མཉམ་དུ་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་པ་དང་། ན་གཞོན་བར་གྱི་འགྲོ་འོང་དང་རིག་གནས། སློབ་གསོ་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་འདིང་འདོད་ཡོད་ཟེར།

  རོན་ཅིན་ཡུང་གིས་བཤད་རྒྱུར། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་ཇེ་མང་དུ་གཏོང་བ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་བརྟན་ཏུ་གཏོང་བ། མཚོ་ངོས་དང་སྐམ་སའི་སྟེང་གི་མཉམ་ལས་ལ་སྐུལ་འདེད་བཏང་ནས་མྱུར་དུ་གྲུབ་འབྲས་བཟང་བོ་ཐོབ་པར་བརྩོན་ལོན་བྱེད་པ་དང་། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་ཞིང་འགལ་བ་སྣ་ཚོགས་འོས་འཚམ་སྒོས་ཐག་བཅད་ནས་ཡའོ་ནན་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་དང་མཉམ་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

  གྲོས་མོལ་མ་མཛད་པའི་སྔོན་ལ། ཡའོ་ནན་ཀྲུའུ་ཞིའི་བཞུགས་ཤག་ཐང་ཆེན་ནས་རོན་ཅིན་ཡུང་གིས་ཙུང་ལི་ལིས་ཁི་ཆང་ལ་དགའ་བསུའི་མཛད་སྒོ་བསྡུས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག