མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་བ་ཚོགས་མགོ་བརྩམས་པར་རྟེན་འབྲེལ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 09:32

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས10དེ་ཚེས12ཉིན་གྱི་དགོང་མོར་ཧྲན་ཏུང་ཞིང་ཆེན་གྱི་ཅི་ནན་གྲོང་ཁྱེར་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་དང་རྒྱལ་ཁབ་ཕྱི་ནང་གི་སྒྱུ་རྩལ་པ་རྣམས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས་བར་མ་ཟད། ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་བ་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་འབྱུང་བར་སྨོན་འདུན་ཞུས།

ཞི་ཅིན་ཕེན་གྱིས་འཕྲིན་ཡིག་ནང་གསུངས་རྒྱུར། ཀྲུང་གོའི་སྒྱུ་རྩལ་དུས་ཆེན་བསྒྲུབས་ནས་ལོ་འཁོར་ཉེར་དྲུག་འགོར་བའི་རིང་ལ། སྒྱུ་རྩལ་བརྩམས་ཆས་མང་པོ་དང་ཕུལ་བྱུང་ཤེས་ལྡན་སྐོར་ཞིག་སྐྱེད་སྲིང་བྱས་ཏེ། ཀྲུང་གོའི་བགྲོད་ལམ་དང་ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་སྟོབས་ཤུགས་བཅས་ངོམ་པའི་སྒྱུ་རྩལ་ཚོགས་ཆེན་གཟབ་རྒྱས་ཤིག་ཏུ་བསྒྱུར་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་ཉིན་རེར་ཇེ་ཆེར་འགྲོ་བཞིན་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བར་བྱས་རྗེས་བཞག་ཡོད་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་བ་དེ་སྒྱུ་རྩལ་གྱི་ཚོགས་ཆེན་གཟབ་རྒྱས་ཤིག་དང་མི་དམངས་ཀྱི་དུས་ཆེན་ཞིག་ཏུ་བསྒྱུར་བར་རེ་བ་བྱེད་བཞིན་ཡོད་ཟེར། ཁོང་གིས་རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་དང་སྒྱུ་རྩལ་པ་རྣམས་ཀྱིས་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་རྣམ་པ་དང་བྱེད་ཐབས་སྤྱད་དེ། མི་དམངས་ཀྱི་སྤོབས་པ་ཆེ་སྐྱེད་ཀྱི་དུས་རབས་ཀྱི་སྙིང་སྟོབས་དང་། རིག་གནས་ཀྱི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་གསར་བ་ཧུར་ཐག་སྒོས་བསྟོད་བསྔགས་བྱེད་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་ལས་དོན་མུ་མཐུད་དུ་དར་རྒྱས་གོང་འཕེལ་དུ་གཏོང་བར་མཐུན་སྒྲིལ་དང་འབད་འཐབ་བྱེད་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག