མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཞིང་སྡེ་ཡི་སྡོད་གནས་ཁོར་ཡུག་ལེགས་བཅོས་བྱེད་པའི་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-10 10:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2013ལོའི་ཚུན་ལ། ཀྲེ་ཅང་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་ནས་སྟོང་སྡེ་རུ་དཔེ་སྟོན་དང་ཁྲི་སྡེ་རུ་དག་ཐེར་བཅོས་སྐྱོང་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་ནས་གྲུབ་འབྲས་མངོན་གསལ་བླངས། ཉེ་ལམ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་དེའི་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་ཀྲེ་ཅང་ཞིང་ཆེན་གྱིས་སྟོང་སྡེ་རུ་དཔེ་སྟོན་དང་ཁྲི་སྡེ་རུ་དག་ཐེར་བཅོས་སྐྱོང་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་པའི་ཉམས་མྱོང་ནན་ཏན་སྒོས་སྤྱི་བསྡོམས་བྱེད་དགོས་པར་མ་ཟད་ཁྱབ་གདལ་དུ་གཏོང་དགོས། ས་གནས་སོ་སོས་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱས་ཏེ་ཡུལ་བབ་དང་བསྟུན་ཞིང་རིགས་བགར་ནས་མཛུབ་སྟོན་བྱེད་རྒྱུན་འཁྱོངས་བྱེད་པ་དང་། སྔོན་ན་ཇུས་འགོད་དང་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས་ལ། གནད་ཆེ་ས་འབུར་དུ་ཐོན་པ་དང་གཅིག་གྱུར་སྒོས་བཀོད་སྒྲིག་དང་མཐུན་སྦྱོར་བྱེད་པར་མ་ཟད། ཡུན་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་ནས་ཞིང་སྡེ་ཡི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་བཅོས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལྟར། ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་དུས་ཐོག་ཏུ་ཀྲེ་ཅང་གི་ཉམས་མྱོང་སྤྱི་བསྡོམས་བྱས་པར་མ་ཟད་ཡུལ་དངོས་ཀྱི་ཚོགས་འདུ་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚོགས་འདུ་དེ་ལ་ཆེད་དུ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་ཞིང་སྡེ་ཡི་སྡོད་གནས་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ་དེ་ཞིང་བ་དུང་ཕྱུར་གཅིག་ལྷག་གི་རེ་བ་ཡིན་པས། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་དོན་དངོས་གཞིར་བཟུང་ནས་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་ཡུལ་བབ་དང་བསྟུན་དགོས་ལ། ཞིང་བའི་འདོད་བློ་ལ་བརྩི་འཇོག་དང་ཞིང་སྡེ་ཡི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་གོ་རིམ་ཡོད་པའི་སྒོ་ནས་ཞིང་སྡེ་ཡི་སྡོད་གནས་ཁོར་ཡུག་དག་ཐེར་བཅོས་སྐྱོར་བྱེད་པར་སྐུལ་འདེད་བཏང་ནས་མཛེས་པའི་ཞིང་སྡེ་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

སྤྱི་ཟླ10བའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་གིས་རྒྱལ་ཡོངས་ཀྱི་ཞིང་སྡེ་ཡི་སྡོད་གནས་ཁོར་ཡུག་ལེགས་བཅོས་བྱེད་པའི་བྱ་བའི་གྲོས་ཚོགས་སྟེང་ཞི་ཅིན་ཕེན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་ལ་བཀོད་སྒྲིག་བྱས། ཁོས་བཤད་རྒྱུར། ས་གནས་སོ་སོས་ཞིང་སྡེ་ཡི་སྡོད་གནས་ཁོར་ཡུག་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། མགོ་ཁྲིད་ལ་ཤུགས་སྣོན་དང་ཚན་རིག་དང་མཐུན་པར་འཆར་འགོད་བྱེད་པ་དང་རྩ་འཛུགས་ཞིབ་མོ་བྱས་ནས་ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཁོར་ཡུག་དག་ཐེར་དང་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག