མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཅིག་པ་ཧིན་རྡུ་ཉི་ཞི་ཡའི་པ་ལེ་གླིང་ཕྲན་དུ་ཚོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-08 11:24

117609504_21n.jpg

  སྤྱི་ཟླ10བའི་ཚེས7ཉིན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཅིག་པ་ཧིན་རྡུ་ཉི་ཞི་ཡའི་པ་ལེ་གླིང་ཕྲན་དུ་ཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་ལ་ཞུགས་ནས་གསུངས་བཤད་གལ་ཆེན་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཅིག་པ་སྤྱི་ཟླ10བའི་ཚེས7ཉིན་ཧིན་རྡུ་ཉི་ཞི་ཡའི་པ་ལེ་གླིང་ཕྲན་དུ་ཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་ལ་ཞུགས་ནས་གསུངས་བཤད་གལ་ཆེན་གནང་བ་དང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་སུའུ་ཞི་ལོ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།

  ཚོགས་ཐོག་ནས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་གནས་བབ་སྤྱིར་བཏང་དུ་བཟང་ཕྱོགས་ལ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ཡིན་ནའང་བརྟན་འཇགས་དང་གཏན་འཁེལ་མིན་པའི་རྒྱུ་རྐྱེན་སྔར་བཞིན་འབུར་ཐོན་ཡིན་པ་དང་འཛམ་གླིང་གི་དཔལ་འབྱོར་ཕྱོགས་ཡོངས་ནས་བསྐྱར་དར་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྔར་བཞིན་ཛ་དྲག་ཆེ་བའི་འགྲན་རྩོད་དང་འཕྲད་ཡོད་པས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཆོད་སེམས་བརྟན་པོ་བཅངས་ཏེ་སྣེ་ཁྲིད་དང་མཐུན་སྦྱོར་གྱི་ནུས་པ་འདོན་པ་དང་། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་དགོས་པར་མ་ཟད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱིས་མུ་མཐུད་དུ་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ཕྱོགས་སུ་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས་ཟེར། ཞི་ཅིན་ཕེན་གྱིས་དེའི་ཐད་ལ་གྲོས་གཞི་གསུམ་བཏོན། གཅིག ཆེ་ཕྱོགས་ཀྱི་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། གཉིས། ཕྱི་རོལ་ཡུལ་ནས་གནས་བབ་ལ་བརྡར་ཤ་གཅོད་པ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་དངུལ་ལོར་བརྟན་འཇགས་ཡོང་བ་སྲུང་སྐྱོབ་བྱེད་དགོས། གསུམ། རྒྱང་རིང་ལ་དམིགས་པ་དང་ཁོངས་མི་སོ་སོས་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་བཏང་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་ཡུན་རིང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་ནུས་པ་འདོན་དགོས་པ་བཅས་རེད།

  ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་དེ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་སླེབ་པ་དང་ལོ་རྒྱུས་ཀྱི་རྐང་འཛུགས་ས་གསར་བར་གནས་ཡོད་པས། ང་ཚོས་སྒོ་འབྱེད་བཟོད་སྒོམ་དང་མཉམ་ལས་མཉམ་རྒྱལ་གྱི་བསམ་བློ་བཅངས་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ལ་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་ཟེར།

  གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པ་གཞན་དག་གིས་བཤད་རྒྱུར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་ང་ཚོར་ཡིད་ཆེས་ཆེན་པོ་ཡོད་ལ། རྒྱང་རིང་ལ་དམིགས་ཤིང་འགྱུར་ལྡོག་གི་དགོས་མཁོ་དང་མཐུན་ཐབས་བྱེད་པ་དང་། ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་འཕེལ་རྒྱས་ཐད་ལ་མཉམ་དུ་འབད་བརྩོན་བྱས་ནས་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ལ་སྐུལ་འདེད་གཏོང་དགོས་ཟེར།

  ཉིན་དེའི་སྔ་དྲོར་ཞི་ཅིན་ཕེན་ད་དུང་མགོ་ཁྲིད་པ་དང་བཟོ་ཚོང་བློ་འདྲིའི་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མིའི་གྲོས་མོལ་ལ་ཞུགས་པར་མ་ཟད། འཐུས་མི་ཚོ་དང་མཉམ་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་གནས་བབ་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས་པ་དང་། ཀྲུང་གོས་སང་ལོར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་གཙོ་བསྒྲུབ་བྱེད་པའི་གནས་ཚུལ་མཚམས་སྦྱོར་མཛད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག