མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

པེ་ཅིན་གྱིས་བྱ་ཐབས་ངོ་མའི་ཐོག་ནས་རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་བྱ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-07 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་བྱེད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་བྱ་ཐབས་འཆར་གཞི་ཞེས་པ་ཡོངས་བསྒྲགས་བྱས་ནས་ཟླ་བ་གཅིག་མ་ཕྱིན་པར། པེ་ཅིན་གྱིས་སྤྱི་ལོ2013ལོ་ནས་སྤྱི་ལོ2017ལོ་བར་གྱི་མཁའ་རླུང་གཙང་སེལ་འཆར་གཞི་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པ་དང་། ནུས་ཤུགས་ཆེན་པོས་འཕྲུལ་འགྲུལ་རླངས་འཁོར་དང་རྡོ་སོལ་བསྲེགས་པ་སོགས་སྦགས་བཙོག་བཅོས་སྐྱོང་བྱས་ཏེ་མི་སེར་གྱིས་སྔོ་བསངས་ཀྱི་ནམ་མཁའ་དེ་བས་མང་ཙམ་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

འདི་ལོའི་སྤྱི་ཟླ9པར། པེ་ཅིན་གྲོང་ཁྱེར་གྱིས་གྲོང་མིས་སྤྱི་སྤྱོད་རླངས་འཁོར་བསྡད་ནས་འགྲོ་བསྐྱོད་བྱེད་ཐེངས་མང་དུ་བཏང་ཡོད་པ་དང་། ཟླ་བར་གཞིགས་ནས་མངག་པ་དང་། མི་གཅིག་ལ་རྐུབ་སྟེགས་གཅིག ཐད་ཀར་དམིགས་སར་སླེབས་པ་བཅས་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་མངག་རྒྱུ་ལག་བསྟར་བྱས་ཡོད་ཅིང་། ཟླ་བ་གཅིག་གི་ནང་ལམ་ཐིག་བཅོ་ལྔ་ཤར་གཏོང་ཐུབ་ཡོད། གཞན་ཡང་ད་དུང་། གློག་འགུལ་གླ་གཏོང་རླངས་འཁོར་གྱི་གྲངས་འབོར་ཟམ་མི་ཆད་པར་མང་དུ་བཏང་ཡོད་པ་དང་། མིག་སྔར་འཁོར་རྒྱུག་བྱེད་བཞིན་པའི་གློག་འགུལ་གླ་གཏོང་རླངས་འཁོར1600ཡོད་ཅིང་། སྔོན་དཔག་བྱས་ན་ལོ་གཅིག་ལ་དབྱང་གཉིས་ཐན་བསྒྱུར་སྦུད་བཤངས་བྱེད་ཚད་ཏུན་ཉིས་ཁྲི་ཉུང་དུ་འགྲོ་རྒྱུ་ཡིན་པ་རེད།

འདི་ལོ་ནས་བཟུང་། པེ་ཅིན་གྲོང་ཁྱེར་གྱིས་འཕྲུལ་འགུལ་རླངས་འཁོར་རྙིང་པ་ཉིས་འབུམ་བཞི་ཁྲི་བདུན་སྟོང་བེད་སྤྱོད་མེད་པ་བཟོས་ཡོད་པ་དེས་ལོ་ཧྲིལ་པོའི་སྔོན་དཔག་དམིགས་འབེན་རླངས་འཁོར་དྲུག་ཁྲི་བདུན་སྟོང་གི་ཚད་ལས་བརྒལ་ཡོད་པ་རེད།

རྡོ་སོལ་བསྲེགས་ཚད་ཉུང་དུ་གཏོང་རྒྱུའི་ཐད། པེ་ཅིན་གྲོང་ཁྱེར་གྱིས་འདི་ལོ་འཕེལ་རིམ་དེ་བས་མགྱོགས་སུ་བཏང་ཡོད། མིག་སྔར་རྡོ་སོལ་བསྲེགས་ནས་དྲོད་ལེན་མཁོ་སྤྲོད་བྱེད་པའི་བཟོ་གྲྭ་ཆེན་པོ་གཉིས་དང་རྡོ་སོལ་བསྲེགས་པའི་ཁྲོ་ཐབ་ཆེན་པོ་ཉི་ཤུ་ཙམ་བཤིག་ཡོད་པས། ལོ་གཅིག་ལ་རྡོ་སོལ་བེད་སྤྱོད་བྱེད་ཚད་ཏུན་འབུམ5ཉུང་དུ་གཏོང་ཐུབ་ཀྱི་ཡོད་པ་རེད།

དེ་དང་ཆབས་ཅིག གྲོང་ཁྱེར་ཡོངས་ཀྱི་ཁྲོ་ཐབ་ཆེ་གྲས་ཀྱི་ནུས་ཁུངས་གཙང་མར་ལེགས་བཅོས་བྱེད་མཁན་ལ་སྲིད་གཞུང་གི་མ་དངུལ་རྒྱབ་སྐྱོར50%རགས་ཀྱི་ཡོད་པ། སྤུས་ལེགས་རྡོ་སོལ་བེད་སྤྱོད་གཏོང་མཁན་གྱི་མི་སྒེར་ལ་དེ་སྔོན་གྱི་ཏུན་རེར་ཁ་གསབ་སྒོར200ཡོད་པ་ལས་སྒོར400བར་མང་དུ་བཏང་ཡོད་པ་རེད།

མིག་སྔའི་བར། པེ་ཅིན་གྱི་ནུས་ཁུངས་གཙང་མ་བེད་སྤྱོད་གཏོང་མཁན་གྱི་ཚ་གློག་ལྟེ་གནས་ཆེ་ཁག་བཞི་འཛུགས་སྐྲུན་བྱེད་ཚད་ཕྱེད་ཀ་ལྷག་ལེགས་གྲུབ་ཟིན་ཡོད་པ་དང་། དུས་སང་ལོ་མཇུག་ལ་ཚང་མ་བེད་སྤྱོད་གཏོང་རྒྱུ་ཡིན་ཞིང་། གྲོང་ཁུལ་གྱི80%ཡི་རྡོ་སོལ་བསྲེགས་ནས་གློག་དང་དྲོད་ལེན་པའི་འཐུས་ཚབ་བྱེད་ཐུབ་ཀྱི་ཡོད་པ། ཐལ་རྡུལ་ཚོད་འཛིན་བྱེད་པའི་ཐད། གྲོང་ཁྱེར་གྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གིས་ཨར་ལས་ཁུལ་གྱི་ཐལ་རྡུལ་སྦགས་བཅོག་བཅོས་སྐྱོང་བྱ་རྒྱུ་མི་འདང་བའི་ཨར་སྐྲུན་ཁེ་ལས་བཅོ་ལྔའི་སུས་འཇོན་དེ་འགུག་གི་དབང་ཆ་མེད་པར་བཟོས་ཡོད་པ་རེད།

འཕྲུལ་འགུལ་རླངས་འཁོར་དང་རྡོ་སོལ་བསྲེགས་རྒྱུ་སོགས་ཀྱི་སྦགས་བཙོག་བཅོས་སྐྱོང་བྱ་རྒྱུ་དང་འབྲེལ་བ་ཡོད་པའི་བྱེད་ཐབས84ཡི་ནང་ནས་བྱེད་ཐབས18ལོ་ཧྲིལ་པོའི་སྔོན་དཔག་དམིགས་འབེན་ལས་སྔ་སྣུར་དུ་ལེགས་གྲུབ་ཟིན་ཡོད་པ་རེད། རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་བྱ་རྒྱུ་དང་འབྲེལ་བ་ཡོད་པའི་པེ་ཅིང་དང་ཐན་ཅིན། ཧོ་པེ་བཅས་ས་ཁོངས་ཀྱི་མཐུན་སྦྱོར་སྒྲིག་གཞི་ཡང་ཐོག་མའི་ཆ་ནས་གྲུབ་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག