མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་སུའུ་ཞི་ལའོ་དང་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-03 11:11


སྤྱི་ཟླ10བའི་ཚེས2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཡ་ཅ་ཏ་ནས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་སུའུ་ཞི་ལའོ་དང་གྲོས་མོལ་མཛད།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ10བའི་ཚེས2ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཡ་ཅ་ཏ་ནས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་སུའུ་ཞི་ལའོ་དང་གླེང་མོལ་མཛད། ཕྱོགས་གཉི་ཀས་མཉམ་དུ་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཇེ་མཐོར་གཏོང་རྒྱུ་ཐག་བཅད།

གྲོས་མོལ་གྱི་སྔོན་ལ། སུའུ་ཞི་ལའོ་ཡིས་ཞི་ཅིན་ཕེན་ལ་གཟབ་རྒྱས་ཆེ་བའི་དགའ་བསུའི་མཛད་སྒོ་བསྡུས། ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་གཉིས་ཙུང་ཐུང་བཞུགས་ཤག་མདུན་གྱི་ཐང་ཆེན་དུ་ཕེབས་སྐབས། ཙུང་ཐུང་སུའུ་ཞི་ལའོ་ཁྱོ་ཤུག་གཉིས་ཀྱིས་བརྩེ་བ་ཆེན་པོས་བསུ་བ་ཞུས།

དགའ་བསུའི་མཛད་སྒོའི་རྗེས་སུ། ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་གཉིས་ཀྱིས་ཙུང་ཐུང་སུའུ་ཞི་ལའོ་བཟའ་ཟླ་གཉིས་ལ་མཇལ་འཕྲད་གནང་བ་དང་། ཕན་ཚུན་སྙིང་ཉེ་བའི་ངང་གླེང་མོལ་མཛད། ཧིན་རྡུ་ཉི་ཞི་ཡ་ནི་ཞི་ཅིན་ཕེན་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་ཏུ་འཚམས་འདྲིར་སྐྱོད་པའི་ལམ་ཚིགས་དང་པོ་རེད།

དེའི་རྗེས་སུ། ཞི་ཅིན་ཕེན་གྱིས་སུའུ་ཞི་ལའོ་དང་དངོས་སུ་གྲོས་མོལ་མཛད། ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ནི་རང་ས་ཁུལ་དང་འཛམ་གླིང་སྟེང་ཤུགས་རྐྱེན་ལྡན་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་གཉི་ཀའི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་དུ་འདྲ་མཚུངས་ཀྱི་དམིགས་འབེན་ཡོད་ལ། རང་ས་ཁུལ་གྱི་དར་རྒྱས་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་ཕྱོགས་ན་ཁྱབ་ཆེ་བའི་ཐུན་མོང་གི་ཁེ་ཕན་ལྡན་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་དུའང་གཅིག་མཐུན་གྱི་ལྟ་བ་མང་པོ་ཡོད། རྒྱལ་ཁབ་གཉི་ཀའི་གཉིས་ཕན་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་པ་དང་། མདུན་ལམ་ནི་ཡངས་ཤིང་རྒྱ་ཆེ་བ་ཞིག་རེད། ད་ལྟ། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་རྙོག་འཛིང་ཆེ་བའི་ཕྱོགས་སུ་འགྱུར་བཞིན་ཡོད་པ་དང་། འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་རྒྱང་རིང་བསམ་པའི་དགོས་ངེས་ཀྱི་གདམ་གསེས་རེད། ཀྲུང་གོས་ཧིན་རྡུ་ཉི་ཞི་ཡ་དེ་ཀྲུང་གོའི་མཐའ་འཁོར་རྒྱལ་ཁབ་བར་གྱི་འབྲེལ་བ་གོང་དུ་སྤེལ་བའི་ཁ་ཕྱོགས་གཙོ་བོར་བརྩི་བ་དང་། ཧིན་རྡུ་ཉི་ཞི་ཡའི་བར་ཕྱོགས་ཡོངས་ནས་མཉམ་ལས་ཟབ་མོ་བྱས་ཏེ། རྒྱལ་ཁབ་གཉི་ཀའི་མི་དམངས་ལ་ཕན་བདེ་བསྐྲུན་པ་དང་། ཨེ་ཤ་ཡའི་ཡུན་རིང་གི་དར་རྒྱས་དང་བརྟན་འཇགས་སྲུང་སྐྱོབ་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་དང་མཉམ་ལས་ལ་ཡར་སྐུལ་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་འབྱུང་བར་ཡར་སྐུལ་གཏོང་འདོད་ཡོད་ཅེས་བསྟན།

སུའུ་ཞི་ལའོ་ཡིས2005ལོར་རྒྱལ་ཁབ་གཉི་ཀའི་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་ནས་བཟུང་། ཕན་ཚུན་གྱི་འབྲེལ་བ་མྱུར་དུ་འཕེལ་རྒྱས་བྱུང་། ཀྲུང་གོའི་ཕྱོགས་བསྡུས་རྒྱལ་ཤུགས་ཉིན་རེ་བཞིན་ཇེ་ཆེ་དང་། རྒྱལ་སྤྱིའི་གོ་གནས་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད། རེ་བ་ལ་རྒྱལ་ཁབ་གཉི་ཀའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་གོ་སྐབས་དང་བསྟུན་ནས། ཀྲུང་གོའི་བར་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱུ་ཡིན་ཟེར།

ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། དབྱང་ཅེ་ཁྲི་སོགས་གོང་གི་བྱ་འགུལ་ལ་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག