མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དང་ལིས་ཁི་ཆང་རྣམ་གཉིས་ཀྱིས་ཞི་ཧྲ་མཚོ་ཁོངས་ནས་ཉ་བདའི་གྲུ་གཟིངས་ཉེན་ཁར་འཕྲད་ནས་མི་སྣ་མྱུར་སྐྱོབ་བྱ་བར་མཛུབ་སྟོན་གལ་ཆེན་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-01 11:31

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ9བའི་ཚེས29ཉིན་གྱི་དགོངས་མོར་རླུང་འཚུབ་དྲག་པོ་གཡུགས་ནས་རང་རྒྱལ་གྱི་ཀོང་ཏུང་ཞིང་ཆེན་ཐེ་ཧྲན་གྲོང་ཁྱེར་གྱི་ཡིན་པའི་ཉ་བདའི་གྲུ་གཟིངས་ལྔ་ལ་ཧེ་ནན་ཞིང་ཆེན་གྱི་ཞི་ཧྲ་བྱེ་ལེབ་གླིང་ཕྲན་མངས་ཁོངས་ནས་དྲག་རླུང་གི་གནོད་པ་ཐེབས་པ་དང་གྲུ་གཟིངས་སྟེང་དུ་བསྡོམས་པས་མི་བརྒྱ་དང་དོན་གཅིག་ཡོད། སྤྱི་ཟླ9བའི་ཚེས30ཉིན་གྱི་དུས་ཚོད12བར་དུ་གྲུ་གཟིངས་གཉིས་ཆུའི་ནང་དུ་ནུབ་པ་དང་གྲུ་གཟིངས་སྟེང་དུ་མི་དྲུག་ཅུ་ཡོད་པའི་ནང་གི་མི་བཅུ་གསུམ་བསྐྱབས་ཤིང་མི་ཞེ་བདུན་གར་སོང་མི་ཤེས། གྲུ་གཟིངས་གཅིག་ལ་འབྲེལ་འདྲིས་བྱེད་ཐབས་མེད་པ་དང་གྲུ་གཟིངས་སྟེང་དུ་མི་ཉེར་བརྒྱད་ཡོད། གྲུ་གཟིངས་གཞན་པ་གཉིས་ལ་འབྲེལ་འདྲིས་བྱས་པ་ན་གྲུ་གཟིངས་སྟེང་དུ་མི་གྱ་གསུམ་ཡོད་པ་དང་གནས་སྐབས་སུ་ཁོ་ཚོའི་ཚེ་སྲོག་ལ་ཉེན་ཁ་མེད།

གནས་ཚུལ་དེ་གོ་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་དུས་ཐོག་ཏུ་མཛུབ་སྟོན་གལ་ཆེན་གནང་སྟེ། ཀོང་ཏུང་དང་ཧེ་ནན་ཞིང་ཆེན་གཉིས་ཀྱིས་འབྲེལ་ཡོད་སྟོབས་ཤུགས་རྩ་འཛུགས་བྱས་ནས་གར་སོང་མི་ཤེས་པའི་མི་སྣ་དང་ཉེན་ཁ་ལས་ཐར་མེད་པའི་མི་སྣ་མྱུར་སྐྱོབ་བྱེད་པ་དང་། སྟོབས་ཤུགས་གང་ཡོད་སྒོས་ཚེ་འདས་མི་གྲངས་ཉེ་ཉུང་དུ་གཏོང་དགོས་པར་མ་ཟད། ཚེ་འདས་མི་སྣ་དང་གར་སོང་མི་ཤེས་པའི་མི་སྣའི་ཁྱིམ་མི་ལ་སེམས་གསོ་བྱེད་པའི་བྱ་བ་བཟང་བོ་བསྒྲུབ་དགོས་པ་དང་། དེ་མཉམ་དུ་བཅའ་སྡོད་དམག་དཔུང་དང་ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱིས་ནུས་ཤུགས་གང་ཡོད་སྒོས་རོགས་སྐྱོར་བྱེད་དགོས་པའི་ཐུགས་རེ་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མྱུར་དུ་མཛུབ་སྟོན་གལ་ཆེན་གནང་སྟེ། འབྲེལ་ཡོད་ས་གནས་དང་ལས་ཁུངས་ཀྱིས་གཞོགས་འདེགས་དམ་པོ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་གར་སོང་མི་ཤེས་པའི་མི་སྣ་འཚོལ་ཞིབ་བྱེད་པ་དང་ཉེན་ཁར་འཕྲད་པའི་གྲུ་གཟིངས་མྱུར་སྐྱོབ་བྱེད་དགོས་པར་མ་ཟད་འཚོལ་ཞིབ་མི་སྣའི་བདེ་འཇགས་འགན་སྲུང་བྱེད་དགོས་པའི་ཐུགས་རེ་བཏོན།

ཞི་ཅིན་ཕེན་གྱི་མཛུབ་སྟོན་དང་ལིས་ཁི་ཆང་གི་ཐུགས་རེ་ལྟར། ཧེ་ནན་དང་ཀོང་ཏུང་། དེ་མིན་འབྲེལ་ཡོད་ལས་ཁུངས་དང་དམག་དཔུང་སོགས་ཕྱོགས་ཀྱིས་མྱུར་དུ་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་འཚོལ་ཞིབ་དང་མྱུར་སྐྱོབ་བྱ་བ་སྒྲུབ་བཞིན་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག