མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཁ་གཏད་རོགས་སྐྱོར་གྱི་ཤིན་ཅང་ལས་དོན་གྲོས་ཚོགས་ཐེངས་བཞི་པ་པེ་ཅིན་དུ་སྐོང་འཚོགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-26 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཁ་གཏད་རོགས་སྐྱོར་གྱི་ཤིན་ཅང་ལས་དོན་གྲོས་ཚོགས་ཐེངས་བཞི་པ་སྤྱི་ཟླ9པའི་ཚེས23ཉིན་ནས24ཉིན་བར་པེ་ཅིན་དུ་སྐོང་འཚོགས་བྱས་ཡོད་ལ། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀོ་ལི་གྲོས་ཚོགས་ལ་ཞུགས་པ་མ་ཟད་གལ་ཆེའི་གསུང་བཤད་ཀྱང་གནང་ཡོད། ཡུས་ཀྲེང་ཧྲེང་གིས་སྤྱི་ལོ་2010ལོར་ཀྲུང་དབྱང་གིས་ཤིན་ཅང་ལས་དོན་བཞུགས་མོལ་གྲོས་ཚོགས་འཚོགས་ཚུན་གྱི་ལོ་གསུམ་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐབ་ཇུས་ཡང་དག་དང་ས་ཞིང་བརྟན་པའི་འགོ་ཁྲིད་འོག་དང་། ཤིན་ཅང་ལ་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་ཀྲུང་དབྱང་གི་སྡེ་ཁག་དང་ཚན་པ་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག ཤིན་ཅང་ཕྱོགས་ཀྱིས་གཙོ་ཤུགས་ནུས་པ་འདོན་སྤེལ་གང་ལེགས་བྱས་པས། ཐན་ཧྲན་རི་བོའི་ལྷོ་བྱང་ཁུལ་དུ་མི་རྣམས་དགའ་འོད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས། ཤིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དེ་ཡང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་གི་ཐོག་གནས་ཡོད། དུས་མཚུངས་སུ། ཁ་གསལ་པོ་མཐོང་ཐུབ་དགོས་པ་ཞིག་ལ། ཤིན་ཅང་གི་གོང་འཕེལ་དང་བརྟན་ལྷིང་ལ་དམིགས་བསལ་གྱི་དཀའ་ངལ་མི་ཉུང་བ་ཞིག་ཀྱང་འཕྲད་ཡོད་པས། རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་མུ་མཐུད་ནས་དགོས་ཀྱི་ཡོད་ཅེས་བཏོན་པ་དང་། ཁོང་གིས། ཤིན་ཅང་ལ་རོགས་སྐྱོར་བྱེད་པའི་ལས་དོན་ཐད་གཙོ་གནད་འབུར་ཐོན་ཡོང་བ་བྱེད་དགོས་པ་ནི་གཅིག་ནས་ངེས་པར་དུ་ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་ཐུབ་པ་བྱེད་དགོས་པ་དང་། གཉིས་ནས་ངེས་པར་དུ་བློ་བརྟན་འགྱུར་མེད་སྒོ་ནས་སློབ་གསོའི་ནུས་པ་མཐོ་རུ་གཏོང་དགོས། གསུམ་ནས་ངེས་པར་དུ་རྒྱུན་མཐུད་ལྷོད་མེད་སྒོ་ནས་ཤེས་ལྡན་མི་སྣ་འཛུགས་སྐྱོང་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད་པ་རེད།

ཡུས་ཀྲེང་ཧྲེང་གིས་ས་གནས་ཁག་དང་སྡེ་ཁག་ཁག་གིས་ཤིན་ཅང་ལ་རོགས་སྐྱོར་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཤིན་ཅང་ལ་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་ཤུགས་ཆུང་དུ་མི་འགྲོ་རྒྱུའི་འགན་ལེན་བྱེད་དགོས། དེ་ཡང་གཅིག་ནས། དམིགས་ཡུལ་ཡོད་པའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ལས་དོན་ཁག་ལ་ཕན་འབྲས་ཐོབ་པའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ཤིན་ཅང་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཚང་མ་སྤུས་ལེགས་ལས་གྲྭ་དང་སྲིད་གཞུང་སྤྱོད་གཙང་གི་ལས་གྲྭ་ཞིག་གཏོད་དགོས། གསུམ་ནས་ཤིན་ཅང་ལ་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བར་ལས་དོན་རྩིས་སྤྲོད་ཡག་པོ་བྱས་ནས། ཕུལ་བྱུང་གི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཤིན་ཅང་ལ་རོགས་སྐྱོར་བྱེད་རྒྱུར་འདེམས་པ་དང་། དུས་བཀག་ཟིན་པའི་ཤིན་ཅང་ལ་རོགས་སྐྱོར་དུ་བསྐྱོད་མཁན་གྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་བཀོད་སྒྲིག་ཡག་པོ་བྱེད་དགོས་པ། བཞི་ནས་ཤིན་ཅང་གི་གཙོ་ཤུགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཤིན་ཅང་གི་ལས་དོན་ལ་སྔར་ལས་ལྷག་པའི་ཞབས་ཞུ་བྱས་ནས། ཤིན་ཅང་གི་ལས་དོན་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན་ཡོད་པ་རེད།

ཀྲང་ཀོ་ལི་ནས་ས་གནས་ཁག་དང་སྡེ་ཁག་ཁག་གིས་ཤིན་ཅང་ལས་དོན་གྱི་རྣམ་པ་གསར་པ་རིམ་བཞིན་བཏོད་ནས། ཤིན་ཅང་དེ་ཉིད་རྒྱལ་ཁབ་ནུས་པའི་འབྱུང་ཁུངས་འཐབ་ཇུས་རྟེན་གཞི་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས་པ་དང་། ཤིན་ཅང་འདི་ཉིད་རང་རྒྱལ་གྱིས་ནུབ་རྒྱུད་དུ་ཁ་ཕྱོགས་པའི་མཁར་རྫོང་ཞིག་ལ་འགྱུར་བར་འབད་བརྩོན་བྱེད་དགོས་ཞེས་དང་། ཤིན་ཅང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཐོན་ལས་མ་ལག་ཞིག་མགྱོགས་མྱུར་འཛུགས་སྐྱོང་བྱས་ནས། གཙོ་གནད་ཐོག་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་དགོས། ཤིན་ཅང་ལ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་སྲིད་གཞུང་གི་འགག་རྩའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ། ཤིན་ཅང་གི་ལས་དོན་རང་ཉིད་ཀྱི་ལས་དོན་ལ་བརྩིས་ནས་ནུས་ཤུགས་ཡོད་རྒུད་འདོན་དགོས་ཞེས་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག